རྒྱ་ནག་ཏུ་ཡོད་པའི་ཉི་ཧོང་གཞུང་ཚབ་ཁང་གིས། རྒྱ་ནག་ཏུ་ཡོད་པའི་ཉི་ཧོང་གི་མི་ཚོས་མི་ཚོགས་ཆེ་ས་སོགས་སུ་འགྲོ་རྒྱུ་འཛེམས་དགོས་པ་དང་། རད་གི་བདེ་འཇགས་ཐད་དོ་སྣང་བྱ་དགོས་པའི་ཉེན་བརྡ་བཏང་།
བདུན་ཕྲག་གཉིས་ཀྱི་སྔོན། ཉི་ཧོང་གི་སྲིད་བློན་གསར་བས་གྲོས་ཚོགས་སུ། གལ་སྲིད་རྒྱ་ནག་གིས་ཐེ་ཝན་ལ་ཚུར་རྒོལ་བྱས་ཚེ། དེ་ནི་ཉི་ཧོང་རྒྱལ་ཁབ་ཀྱི་ཆགས་འཇིག་ལ་ཐུག་པའི་ཉེན་ཁ་ཞིག་དང་། དེས་ཉི་ཧོང་གིས་དམག་དཔུང་བཀོལ་དགོས་བཟོ་སྲིད་པ་བཤད་རྐྱེན། ཉི་ཧོང་དང་རྒྱ་ནག་བར་གྱི་ཕྱི་འབྲེལ་སྡུག་ཏུ་ཕྱིན་ཅིང་། བདུན་ཕྲག་སྔོན་མའི་གཟའ་སྤེན་པའི་ཉིན་རྒྱ་ནག་གཞུང་གིས། རང་གི་མི་སེར་ཚོ་ཉི་ཧོང་དུ་འགྲོ་རྒྱུ་འཛེམས་དགོས་བསྒྲགས། ཁ་སང་རྒྱ་ནག་ཏུ་ཡོད་པའི་ཉི་ཧོང་གཞུང་ཚབ་ཁང་གིས། རྒྱ་ནག་ཏུ་ཡོད་པའི་ཉི་ཧོང་གི་མི་ཚོས་མི་ཚོགས་ཆེ་ས་སོགས་སུ་འགྲོ་རྒྱུ་འཛེམས་དགོས་པ་དང་། རད་གི་བདེ་འཇགས་ཐད་དོ་སྣང་བྱ་དགོས་པའི་ཉེན་བརྡ་བཏང་།
རྒྱལ་ཁབ་གཉིས་ཀྱི་ལོ་རྒྱུས་ཀྱི་རྐྱེན་པས། རྒྱ་ནག་ཏུ་ཐེངས་འགར་ཉི་ཧོང་གི་མི་སེར་སྟེང་དྲག་རྒོལ་ཐེབས། ཉི་ཧོང་དང་རྒྱ་ནག་བར་ཚོང་འབྲེལ་ཆེ་བ་དང་། ལྷག་པར་ཡུལ་སྐོར་བ་དང་གཏེར་རྫས་རྩ་ཆེན་གྱི་ཐད་ནས། ཉི་ཧོང་རྒྱ་ནག་ལ་བརྟེན་ཚབས་ཆེ་བས། ཉི་ཧོང་གི་ཁེ་གཉེར་མང་པོས་དཀའ་ངལ་འདི་ཆབ་སྲིད་ཀྱི་ལམ་ནས་སེལ་རྒྱུར་རེ་བ་འདོན་བཞིན་པ་དང་། དེ་རིང་ཉི་ཧོང་ཕྱི་སྲིད་ལྷན་ཁང་གི་ཆེས་མཐོའི་ལས་བྱེད་ཅིག་རྒྱ་ནག་མངགས་ཤིང་།གནས་ཚུལ་འདི་ཞི་འཇམ་དུ་གཏོང་ཐབས་བྱེད་བཞིན་པ་གསལ། རྒྱ་ནག་གཞུང་གིས། འབྱུང་བཞིན་པའི་གནས་ཚུལ་འདི་རྒྱུ་མཚན་དུ་བྱས་ནས། རྒྱ་ནག་ཏུ་ཉུང་མཐར་ཉི་ཧོང་གི་གློག་བརྙན་ 2 སྟོན་རྒྱུ་བཀག་ཟིན་པའི་གནས་ཚུལ་ཐོན།
•. ཁ་སང་གཟའ་ཟླ་བའི་ཞོགས་པ་ས་གནས་ཀྱི་ཆུ་ཚོད་ 1:30 སྟེང་།དཀྱིལ་ཤར་གྱི་སོ་ཐེ་ ཨ་རབ་བྷེ་ཡར་གནས་མཇལ་དུ་སླེབས་ཡོད་པ། རྒྱ་གར་གྱི་མི་སེར་ཁ་ཆེ་མང་པོ་འཁྱེར་བའི་སྤྱི་སྤྱོད་རླངས་འཁོར་གིས། རྡོ་སྣུམ་སྐྱེལ་མཁན་གྱི་རླངས་འཁོར་ཞིག་དང་གདོང་ཐུག་བརྒྱབས་རྐྱེན། རླངས་འཁོར་ནང་དུ་ཡོད་པའི་གནས་སྐོར་བ་གྲངས་ 42 དང་ཁྱོན་མི་ 44 རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ་ཐོན། མང་ཆེ་བ་རྒྱ་གར་གྱི་ཏེ་ལན་གྷ་ན་མངའ་སྡེ་ནས་ཡིན་པ་གསལ། ཏེ་ལན་གྷ་ན་མངའ་སྡེ་བློན་ཆེན་གྱིས། འདས་པོ་དག་གི་ནང་མིར་གུན་གསབ་ཧིན་སྒོར་འབུམ་ ₹5 རེ་སྤྲོད་རྒྱུ་ཡིན་པ་བསྒྲགས།
