སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། ཨ་རིས་ཐེ་ཝན་ལ་འཐབ་འཛིང་གནམ་གྲུ་དང་། གནམ་གྲུའི་ཆ་ཤས་སོགས་ཨ་སྒོར་ས་ཡ་ $330 ཡི་རིན་ཐང་གོ་ལག་འཚོང་རྒྱུར་ཆོག་མཆན་སྤྲད་ཟིན་པ། རོའུ་ཀྲར་གསར་ཤོག་སྟེང་གནས་ཚུལ་བཀོད།
•. སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། ཨ་རིས་ཐེ་ཝན་ལ་འཐབ་འཛིང་གནམ་གྲུ་དང་། གནམ་གྲུའི་ཆ་ཤས་སོགས་ཨ་སྒོར་ས་ཡ་ $330 ཡི་རིན་ཐང་གོ་ལག་འཚོང་རྒྱུར་ཆོག་མཆན་སྤྲད་ཟིན་པ། རོའུ་ཀྲར་གསར་ཤོག་སྟེང་གནས་ཚུལ་བཀོད། འདི་ནི་ད་ལོར་སྒྲོ་ནལ་ཁྲི་རམ་ཕུ་སྲིད་སྟེགས་སུ་སླེབས་རྗེས། ཐེ་ཝན་ལ་གོ་ལག་འཚོང་རྒྱུར་ཆོག་མཆན་སྤྲད་པ་ཐོག་མ་དེ་གྱུར། ཐེ་ཝན་སྲིད་འཛིན་ལས་ཁུངས་ཀྱིས་འདི་ལ་ཐུགས་རྗེ་ཆེ་ཞུས་ཤིང་། ཐེ་ཝན་དང་ཨ་རིའི་བར་བདེ་སྲུང་མཉམ་ལས་གཏིང་ཟབ་ཏུ་བཏང་བས། རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བརྟན་ལྷིང་དང་ཞི་བདེར་ཕན་པ་བཤད། དེ་མ་ཐག་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས། ཐེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ཁེ་ཕན་གྱི་སྙིང་པོའི་སྙིང་པོར་ཐུག་པ་ཞིག་དང་། ཨ་རི་དང་ཀྲུང་གོའི་འབྲེལ་བའི་ཁྲོད་ཨ་རིའི་ཕྱོགས་ནས་བརྒལ་མི་རུང་བའི་ཐིགས་དེར་བརྒལ་མི་ཆོག་ཅེས་བཤད།
•. ཨ་རིས་ཐེ་ཝན་ལ་གོ་ལག་འཚོང་ཐེངས་རེར། རྒྱ་ནག་གིས་ཁོང་ཁྲོའི་རྣམ་འགྱུར་སྟོན་པ་ནི་འཆར་ཅན་ཞིག་ཡིན་ནའང་། དུས་ཚོད་ཀྱི་ཆ་ནས་ཨ་རྒྱའི་བར་ཚོང་འབྲེལ་གྲོས་མོལ་འགྲོ་བཞིན་པ་དང་། ཆབ་སྲིད་ཀྱི་འབྲེལ་བ་བསྐྱར་གསོ་ཐུབ་པ་ཙམ་གྱི་སྐབས་སུ་གནས་ཚུལ་འདི་བྱུང་། ཨ་རིས་ཐེ་ཝན་དེ་རང་བཙན་རྒྱལ་ཁབ་ཅིག་ཏུ་ཁས་མི་ལེན་པས། ཐེ་ཝན་དང་ཐད་ཀར་ཕྱི་འབྲེལ་མེད་ཀྱང་། ཐེ་ཝན་གྱི་བདེ་སྲུང་ཐད་ཨ་རིས་མུ་མཐུད་རོགས་བྱེད་བཞིན་པ་དང་། དེའི་ཁྲོད་ཨ་རིས་ཐད་ཀར་ཐེ་ཝན་ལ་གོ་ལག་འཚོང་བ་བཅས་ཚུད། ཉེ་དུས་ཉི་ཧོང་གི་སྲིད་བློན་གསར་བས་གྲོས་ཚོགས་སུ། གལ་སྲིད་རྒྱ་ནག་གིས་ཐེ་ཝན་ལ་ཚུར་རྒོལ་བྱས་ཚེ། དེ་ནི་ཉི་ཧོང་རྒྱལ་ཁབ་ཀྱི་ཆགས་འཇིག་ལ་ཐུག་པའི་ཉེན་ཁ་ཞིག་དང་། དེས་ཉི་ཧོང་གིས་དམག་དཔུང་བཀོལ་དགོས་བཟོ་སྲིད་པ་བཤད་པར། སྐད་ཆ་འདིས་རྒྱ་ནག་ལ་ཁོང་ཁྲོ་ཆེན་པོ་བསླངས་ཤིང་། རྒྱལ་ཁབ་གཉིས་བར་ཕྱི་སྲིད་ཀྱི་འབྲེལ་བ་སྡུག་ཏུ་ཕྱིན།
