Homeབསམ་ཚུལ་དང་རྩོམ་ཡིགདཔུང་སྒྲིག་གསར་བ། 

དཔུང་སྒྲིག་གསར་བ། 

Date:

ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༣། གཟའ་ལྷག་པ།

དེ་རིང་ཕྱི་ཟླ་ 9 ཚེས་ 3 ཉིན་གྱི་སྔ་དྲོ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ།
འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་ཉི་ཧོང་གོང་མའི་དམག་དཔུང་གིས་མགོ་སྒུར་བའི་དུས་དྲན་མཛད་སྒོ་ཆེན་མོ་ཐེངས་བརྒྱུད་ཅུ་པ་དེ་ཚོགས། མཛད་སྒོའི་སྟེང་ཝེ་ཐི་ནམ་གྱི་སྲིད་འཛིན་དང་། མཱ་ལི་ཤི་ཡའི་སྲིད་འཛིན། པཱ་ཀི་སི་ཐན་གྱི་སྲིད་འཛིན། ཨེ་རན་གྱི་སྲིད་འཛིན། ཀུ་པའི་སྲིད་འཛིན། འབར་མ་དྲག་པོའི་གཞུང་གི་སྲིད་འཛིན། སོག་པོའི་སྲིད་འཛིན། གཞན་ཡང་ཁཱ་ཛ་ཀི་སི་ཐན་སོགས་ཨུ་རུ་སུ་འཐོར་ཤུལ་གྱི་རྒྱལ་ཁབ་ཚོའི་དབུ་ཁྲིད་དག་བཅས། འཛམ་གླིང་གི་དབུ་ཁྲིད་གྲངས་ 26 དང་། ཁྱོན་ཡུལ་དངོས་སུ་མགྲོན་པོ་གྲངས་ཁྲི་ 5 ཡས་མས་ཡོད་པ་བཤད།

དེའི་ཁྲོད་ཀྱི་དམིགས་བསལ་ཞིག་ནི་ཡུ་རོབ་ཀྱི་སི་ལོ་ཝ་ཀེ་ཡའི་སྲིད་བློན་རོ་བྷེར་ཏི་ཧྥི་ཀོ་སླེབས་ཡོད་པ་དེ་རེད། སྔར་ནས་གནས་ཚུལ་ཐོན་ཟིན་པ་ལྟར། མཐོང་ཚུལ་ལ་མགྲོན་གྱི་གཙོ་བོ་ལྟ་བུ་ནི་རཱ་ཤི་ཡའི་སྲིད་འཛིན་ཕུ་ཀྲན་དང་། བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་ཡིན་པ་དང་། འཛམ་གླིང་གིས་ལྟ་སའང་འདི་གཉིས་ཡིན་པ་ལྟར། ཞེ་ཅེན་ཕིན་གྱིས། ཀེམ་དང་ཕུ་ཀྲན་གཉིས་གཡས་གཡོན་དུ་འཁྲིད་ནས་ཐོག་མར་གནམ་བདེ་སྒོ་མོ་ཆེའི་ཡང་སྟེང་དུ་སླེབས་ཤིང་། དབུ་ཁྲིད་གཞན་དག་ནི་ཕལ་བའི་ཚུལ་དུ། དེའི་རྗེས་སུ་གཅིག་ཁྲོད་གཅིག་མཐུད་རང་རང་ས་ནས་སླེབས། འདི་ནི་ཞེ་ཅེན་ཕིན་དང་ཀེམ་ཇོང་ཨུན། ཕུ་ཀྲན་གསུམ་མཉམ་དུ་འཛོམས་པ་ཐོག་མ་དེ་གྱུར།

རྒྱལ་ཁབ་འདི་གཉིས་ནི་ནུབ་ཕྱོགས་ཀྱི་དཔལ་འབྱོར་ཉེས་ཆད་ཀྱི་རི་བོའི་འོག་ཏུ་མནན་ཡོད་པས། འདི་ལྟར་ཞེ་ཅེན་ཕིན་དང་ལྷན་དཔུང་བ་མཉམ་གཤིབ་ཀྱིས་གནམ་བདེ་སྒོ་མོ་ཆེའི་ཡང་སྟེང་དུ་བུད་པ་ཙམ་གྱིས། ཀེམ་དང་ཕུ་ཀྲན་གཉིས་ལ་རྒྱལ་སྤྱིའི་སྲིད་སྟེགས་སུ་རྒྱལ་ཁ་ཆེན་པོ་ཞིག་ཏུ་གྱུར་ཡོད་ཅེས་བཤད་ཆོག མཛད་སྒོ་དངོས་གཞི་དེ་འགོ་བཙུགས་ཤིང་། ཞེ་ཅེན་ཕིན་གྱི་གཏམ་བཤད་སྙིང་པོ་དག་ནི། ཉི་ཧོང་གོང་མའི་དམག་དཔུང་དང་འཐབ་པའི་རྒྱལ་ཁ་ནི། དེང་རབས་ལོ་རྒྱུས་ཁྲོད་ཀྲུང་གོའི་དམག་དཔུང་གིས། ཕྱིའི་བཙན་རྒྱལ་དམག་དཔུང་ལས་རྒྱལ་ཁ་བླངས་པ་ཐོག་མ་དེ་ཡིན་པ་དང་། རྒྱལ་ཁ་དེ་ནི་ཏང་གིས་(དམར་ཤོག་ཚོགས་པས་)བསྐུལ་མ་དང་། རྒྱལ་ཡོངས་མཉམ་འབྲེལ་དཔུང་སྡེ་(National united front)ཡིས་བླངས་པ་ཞིག་རེད་ཅེས་བཤད།

ད་དུང་ཁོས། ཀྲུང་གོའི་མི་དམངས་ཀྱིས། འགྲོ་བ་མིའི་དཔལ་ཡོན་དང་ཞི་བདེ་སྲུང་སྐྱོབ་ཆེད། “ཧྥ་ཤེ་སི་རིང་ལུགས་འགོག་པའི་འཛམ་གླིང་དམག་འཁྲུག་”གི་ཁྲོད་བློས་གཏོང་ཆེན་པོ་བྱས་ཡོད་ཅེས་དང་། རྒྱལ་ཁབ་ཕན་ཚུན་བར་འདྲ་མཉམ་དང་འཆམ་མཐུན། རམ་འདེགས་བྱེད་པ་ཁོ་ནས། ཐུན་མོང་གི་བདེ་འཇགས་སྲུང་སྐྱོབ་ཐུབ་པ་དང་། དམག་འཁྲུག་གི་རྩ་བ་མེད་པ་བཟོ་ཐུབ་ཅིང་ལོ་རྒྱུས་ཀྱི་སྐྱོ་གར་སྔོན་འགོག་ཐུབ་ཅེས་བཤད། གཞན་ཡང་ཁོས། “ད་ལྟ་སླར་ཡང་མིའི་རིགས་ཀྱིས། དམག་འཁྲུག་དང་ཡང་ན་ཞི་བདེ། གདོང་ཐུག་དང་ཡང་ན་གྲོས་མོལ། ཚང་མར་ཕན་པ་དང་ཡང་ན་ཕྱོགས་གང་ལའང་རྒྱལ་ཁ་མེད་པ་གང་ཞིག་འདེམས་རྒྱུའི་གདམ་ཀ་ཞིག་ལ་གདོང་གཏད་ཡོད།” ཀྲུང་གོ་ནི་ལོ་རྒྱུས་ཀྱི་དྲང་ཕྱོགས་སུ་བརྟན་པོར་ལངས་ཡོད་ཅེས་བཤད།

ཁོས། ཀྲུང་གོ་ནི་འཛམ་གླིང་དང་ལྷན་མིའི་རིགས་ཐུན་མོང་ལ་དབང་བའི་སྤྱི་ཚོགས་ཤིག་སྐྲུན་རྒྱུའི་ལམ་ཆེན་སྟེང་འགྲོ་བཞིན་ཡོད་པ་ལ། ཀྲུང་གོ་ནི་གཞན་གྱི་བརྙས་བཅོས་ལ་འཇིགས་མ་མྱོང་བ་དང་། མུ་མཐུད་དུ་མདུན་བསྐྱོད་བྱ་རྒྱུ་ཡིན། “ཀྲུང་གོ་བསྐྱར་དར་”གྱི་འཕེལ་ཕྱོགས་ནི་སུས་ཀྱང་འགོག་མི་ཐུབ་པ་དང་། ཏང་གི་(དམར་ཤོག་ཚོགས་པའི)དབུ་ཁྲིད་འོག ཀྲུང་གོའི་རིགས་སོ་སོའི་མི་དམངས་ཀྱིས། མཐུན་སྒྲིལ་དང་ཧུར་བརྩོན་ངང་དེང་རབས་ཅན་གྱི་ལམ་ནས་ཀྲུང་གོ་བསྐྱར་དར་ལ་ཕྱོགས་ཡོངས་ནས་འབད་པ་བྱ་དགོས་ཞེས་སོགས་བཤད། གཏམ་བཤད་འདིའི་རྗེས་སུ་ནམ་རྒྱུན་ལྟར། ཞེ་ཅེན་ཕིན་རླངས་འཁོར་ཞིག་གི་ནང་དུ་གཞུང་ལམ་སྟེང་ཐོན་ཅིང་དམག་མི་ཚོར་འཚམས་འདྲི་ཞུས།

དེའི་རྗེས་སུ་གཞུང་ལམ་སྟེང་དུ་དམག་དཔུང་གི་རུ་སྒྲིག་དང་གོ་ལག་ངོམ་འགོ་བཙུགས། དོ་སྣང་བྱེད་མཁན་ཚོའི་མིག་སྒོར་ཐོག་མར་ཐོགས་པ་ནི། རྡུལ་མཚོན་འཁྱེར་ནུས་པའི་གླིང་སྙོབས་བྷ་ལི་སི་ཀྲི་ཁི་འཕུར་མདའ་ཐོན་གསར་བ་ DF-5C ཞེས་པ་དང་། འཕུར་མདའ་ཐོན་གསར་བ་གཞན་ DF-61 གཉིས་གྱུར་ཅིང་། འཕུར་མདའ་སྔོན་མ་འདིས་ཆུ་ཚོད་ 1 མ་ཟིན་ཙམ་གྱི་ནང་རྒྱ་ནག་ནས། ཐག་རིང་ཤོས་ཀྱི་གོ་ལའི་ས་ཁུལ་གཞན་དག་ལ་སྙོབས་པ་བཤད། འཕུར་མདའ་གཞན་ཞིག་ནི་ DF-26D ཞེས་པ་ཡིན་པ་དང་། འཕུར་མདའ་འདི་ནི་ཨ་རིའི་གནམ་སྲུང་མ་ལག་ Thaad དང་ Patriot ཡིས་ཀྱང་འགོག་མི་ཐུབ་པ་བཤད།

གཞན་ཡང་འོད་རླབས་མཚོན་ཆ་ LY-1 ཞེས་པ་ཞིག་ཕྱིར་བཏོན།
འདིས་གློག་ཆས་དག་གཏོར་ཐུབ་པ་མ་ཟད། གནམ་གྲུའི་ཁ་ལོ་བའང་མིག་ལོང་པ་བཟོ་ཐུབ་པ་བཤད། གཞན་ཡང་མཚོ་འོག་སྒྲི་རོན་ཆེན་པོ་ AJX002 ཞེས་པ་ཞིག་ཕྱིར་བཏོན། དམག་འཁྲུག་གི་སྐབས་སུ་འདི་ཉིད་གཡུལ་སའི་བཀོད་འདོམ་བསྟི་གནས་དང་། འབྲེལ་མཐུད་བསྟི་གནས། སྟངས་འཛིན་སོགས་ཀྱི་ཆེད་བེད་སྤྱོད་བྱེད་ཆོག་པ་བཤད། གཞན་ཡང་འཕྲུལ་ཆས་ཀྱི་ཁྱིའམ། སྤྱང་ཀི་དང་སྒྲི་རོན་མ་ལག གནམ་སྲུང་མ་ལག དེང་རབས་འཐབ་འཛིང་གཏོར་རྒོལ་གནམ་གྲུ་ J-35 དང་ H-6 སོགས་ཕྱིར་ངོམ། ལོ་རེའི་རྒྱ་ནག་གི་དམག་དོན་དང་བདེ་སྲུང་འགྲོ་གྲོན་ནི། ཨ་སྒོར་ཐེར་འབུམ་ $314 ཡས་མས་ཡིན་པ་ཚོད་དཔག་བྱེད་ཅིང་། དེ་ནི་ཨ་རིའི་དམག་དོན་འགྲོ་གྲོན་དེ་ཆ་ 3 ལ་བགོས་པའི་ཆ་ 1 རེད།

དེ་རིང་གི་དམག་སྟོབས་དང་གོ་ལག་ངོམ་པ་འདིའི་ཁྲོད། མདོར་ན་མཁའ་དབྱིངས་སྟོབས་ཤུགས་དང་། མཁའ་དམག་གི་ནུས་སྟོབས། གློག་རྡུལ་ནུས་པ་དང་། དྲྭ་ཐོག་གཏོར་རྒོལ་གྱི་ནུས་པ། དམག་འཁྲུག་གི་སྐབས་ཀྱི་འབྲེལ་མཐུད་ནུས་པ་སོགས་ཕྱིར་བསྟན་པ་ཞིག་དང་། འདི་ནི་ཐག་ཉེའི་གྲོགས་དང་ཐག་རིང་གི་དགྲ་བོ་གཉིས་ཀར་བརྡ་བཏང་བ་ཞིག་ཡིན་པ་དབྱེ་ཞིབ་པ་ཚོས་བཤད། ཡིན་ན་ཡང་། དམག་དཔུང་གི་ཁྲོད་ལྐོག་ཟ་དང་། འཕུར་མདའི་དམག་དཔུང་གི་དམག་སྤྱི་གཙོ་བོ་འགའ་གནས་དབྱུང་བཏང་བ་སོགས་ཆབ་སྲིད་རྙོག་འཛིང་། ལྷག་པར་དུ་དམག་དཔུང་གི་དབང་ཆ་དང་། བཀའ་བཀོད་དེ་ཆིག་བསྡུ་རང་བཞིན་ཤུགས་ཆེ་བས། དམག་འཁྲུག་མེད་པའི་སྐབས་སུ་ནུས་པ་ཆེན་པོ་དང་། ཚགས་ཚུད་ལྟ་བུའི་རྣམ་པ་མངོན་ནའང་། དམག་འཁྲུག་དངོས་ཀྱི་སྐབས་སུ་དེ་ནི་འགལ་རྐྱེན་ཆེན་པོ་ཞིག་ཏུ་འགྱུར་ཆོག་པའང་བཤད།( རཱ་ཤི་ཡར་དཀའ་ངལ་འདི་བྱུང་།)

ཉིན་གུང་གསོལ་ཚུགས་ཀྱི་སྐབས་སུ་ཞེ་ཅེན་ཕིན་གྱིས། ང་ཚོའི་འཛམ་གླིང་འདི་ནགས་ཚལ་གྱི་ཁྲིམས་(སུ་བཙན་སུ་རྒྱལ་གྱི་འགྲོ་སྟངས།)ལ་ནམ་ཡང་ཕྱིར་ལོག་མི་རུང་ཞེས་དང་། ང་ཚོས་ལྷག་བསམ་རྣམ་དག་གིས་རྒྱལ་ཁབ་ཚང་མས་ལོ་རྒྱུས་ཀྱི་བསླབ་བྱ་བླངས་ཏེ། ཞི་བདེ་ལ་རིན་ཐང་སྤྲད་ཅིང་འགྲོ་བ་མི་ཐུན་མོང་གི་འབྱོར་ཕྱུག་ཆེད་དང་། འོད་སྣང་ལྡན་པའི་འབྱུང་འགྱུར་ཞིག་སྐྲུན་རྒྱུའི་རེ་བ་ཡོད་འཆང་ཡོད་ཅེས་བཤད།

◼️ ཟུར་ནས་དོ་སྣང་བྱུང་ཡུལ་འགའ། ཐེངས་འདིའི་མཛད་སྒོའི་སྟེང་རྒྱ་ནག་གི་སྲིད་འཛིན་ཟུར་བ་ཧོ་ཅིན་ཐོ་ཞུགས་མེད་པ་བཤད། གཞན་ཡང་ཀེམ་ཇོང་ཨུན་གྱི་སྲིང་མོ་སླེབས་ཡོད་པ་དང་། ལྷག་པར་དུ་ཀེམ་ཇོང་ཨུན་གྱི་བུ་མོ་འཁྲིད་ནས་སླེབས་ཡོད་པ་དེ་ནི། དབྱེ་ཞིབ་པ་ཚོས་དོ་སྣང་བྱེད་ཡུལ་ཞིག་ཏུ་གྱུར། བྱང་ཀོ་རེ་ཡའི་སྲིད་དབང་ནི་ཁྱིམ་ཚང་གཅིག་གིས་བཟུང་ཡོད་པས། ཀེམ་ཇོང་ཨུན་གྱི་རྗེས་སྐྱོང་བ་དེ་སུ་ཞིག་ཡིན་ནམ་ཞེས་པ་དེ་དྲི་བ་ཆེན་པོ་ཞིག་ཡིན་པ་དང་། སྔར་མི་མང་པོས། དེ་ནི་ཀེམ་ཇོང་ཨུན་གྱི་སྲིང་མོ་ཀེམ་ཡོ་ཇོང་ཡིན་སྲིད་པ་བཤད་ཀྱང་། ཉེ་དུས་ནས་ཀེམ་ཇོང་ཨུན་གྱིས་རང་གི་བུ་མོ་ཀེམ་ཇུ་ཨེ་མདུན་ལ་འཁྲིད་རྒྱུ་མང་དུ་ཕྱིན་ཅིང་། ཁོས་དམག་སྤྱི་ཚོར་ཐུག་པ་དང་ཚོགས་འདུ་སོགས་ཀྱི་སྐབས་བུ་མོ་ཆུང་ཆུང་འདི་འཁྲིད་བཞིན་ཡོད་པས། ཀེམ་གྱི་རྗེས་སྐྱོང་བ་ནི། ཁོའི་སྲིང་མོ་མ་ཡིན་པར། རང་གི་བུ་མོ་ཡིན་པའི་རྣམ་པ་ཆེ་རུ་འགྲོ་བཞིན་པའི་མཚམས།

ཐེངས་འདིར་མི་རྣམས་ཀྱི་དོ་སྣང་བྱེད་ཡུལ་གཞན་ཞིག་ནི། རྒྱ་གར་གྱི་སྲིད་བློན་མོ་དྷི་མཛད་སྒོ་འདིར་ཞུགས་མེད་པ་དེ་གྱུར། ཉིན་ 2 གྱི་སྔོན་མོ་དྷི་དང་ཕུ་ཀྲན། ཞེ་ཅེན་ཕིན་གསུམ་ཐེན་ཅིན་དུ་འཛོམས་སྐབས། ཕན་ཚུན་བར་འཛུམ་མདངས་དང་དགོད་སྒྲས་བསུས་ཤིང་། རྒྱ་ནག་གི་སྐད་ཆ་ལྟར་ན་ཕན་ཚུན་ལ་འཛའ་བརྩེའི་གླེང་མོལ་ལ་རྫོགས་མཐའ་མེད་པ་ལྟ་བུའི་རྣམ་པ་ཞིག་འཛམ་གླིང་ལ་བསྟན། ཡིན་ན་ཡང་། དེ་རིང་ཞེ་ཅེན་ཕིན་དང་ཕུ་ཀྲན། ཀེམ་ཇོང་ཨུན་གསུམ་གནམ་བདེ་སྒོ་མོ་ཆེའི་ཡང་སྟེང་དུ་འཛོམས་ཤིང་། རྒྱ་ནག་གི་དམག་དཔུང་གིས་རྔམ་བརྗིད་ངང་རུ་སྒྲིག་དང་དཔུང་སྟོབས་ངོམ་དུས་མོ་དྷི་མཐོང་ཡུལ་ནས་བརླགས། འདི་ལ་དབྱེ་ཞིབ་པ་ཚོས། སྒྲོ་ནལ་ཁྲི་རམ་ཕུས་རྒྱ་གར་ལ་འཛིན་པའི་སྲིད་བྱུས་ཀྱི་རྐྱེན་པས། མོ་དྷི་གློ་བུར་དུ་རྒྱ་ནག་ཏུ་འཛུམ་མདངས་འཁྱེར་ནས་ཕྱིན།

ཁོས། རྒྱ་གར་ལའང་གདམ་ཀ་གཞན་མང་པོ་ཡོད་པའི་རྣམ་འགྱུར་ཤུགས་ཆེན་བསྟན། ཡིན་ན་ཡང་། དོན་དངོས་སུ་རྒྱ་དཀར་ནག་བར་གྱི་ཚོང་འབྲེལ་དྲང་པོ་མ་ཡིན་པའི་ཚད་གཞི་དེ་ཨ་སྒོར་ཐེར་འབུམ་ $99 ཡིན་པ་དང་། དེའི་སྟེང་ཕན་ཚུན་བར་གྱི་ཚོང་ཟོག་སྟེང་སྒོ་ཁྲལ་མཐོ་བོ་བཀལ་ཡོད་པ། འཕགས་བོད་ས་མཚམས་དང་འབྲེལ་བའི་རྩོད་རྙོག་དང་། ཐེ་ཚོམ། ཕན་ཚུན་བར་ཡིད་ཆེས་དཀའ་བའི་གནས་ཚུལ་དག་རང་འཇགས་ཡིན་པ། དེའི་སྟེང་ཕྱི་ལོ་ 2020 ལོར་འཕགས་བོད་ས་མཚམས་སུ་རྒྱ་གར་གྱི་དམག་མི་མང་པོ་(རྒྱ་ནག་གི་དམག་མིའང་བསད།)བསད་ཟིན་པས། ཆབ་སྲིད་ཀྱི་མཁའ་དབུགས་ཇི་ལྟར་ཡང་། རྒྱ་གར་མི་དམངས་ཁྲོད་རྒྱ་ནག་ལ་སྡང་བའི་འདུ་ཤེས་སྔར་བཞིན་གཏིང་ཟབ་ཡོད་པས། དུས་ཚོད་འདི་འདྲ་མགྱོགས་པོ་ཞིག་གི་ནང་། མོ་དྷི་པེ་ཅིང་དུ་རྒྱ་ནག་གི་དམག་དཔུང་ལ་ལྟ་རུ་འགྲོ་རྒྱུའི་འོས་བབས་གང་ཡང་མེད་པ་བཤད། ལྷག་པར་དུ་ཨ་རི་དང་ལྷན་ཚོང་འབྲེལ་དཀའ་ངལ་སེལ་རྒྱུ་ལྷག་ཡོད་པས། སྐད་ཆ་ཅི་ཞིག་བཤད་ཀྱང་དོན་འདི་ལ་གཡོལ་ཐབས་ཤིག་ཡོད་པ་མ་མངོན།

◼️ པེ་ཅིང་དུ་མཛད་སྒོ་ཚོགས་བཞིན་པའི་སྐབས་སུ། ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ལན་འདེབས་དགོས་པའི་དྲི་བ་ཆེན་པོ་ཞིག་ནི། རྒྱ་ནག་དེ་ཕྱིའི་བཙན་འཛུལ་པའི་འོག་ནས་རང་དབང་ཐོབ་ཕྱིར། ཨ་རིས་ཟུང་ཁྲག་བཏང་ཞིང་རྒྱབ་སྐྱོར་ཕོན་ཆེན་བྱས་ཟིན་པ་དེ་ཞེ་ཅེན་ཕིན་གྱིས་གླེང་མིན་དེ་རེད། (མཇར་འགོག་དམག་འཁྲུག་ཁྲོད་)རྒྱ་ནག་ལ་རྒྱལ་ཁ་དང་གཟི་བརྗིད་ཐོབ་ཆེད་ཨ་རི་བ་མང་པོ་ཤི་ཟིན་པ་རེད། ཁོ་ཚོའི་སྙིང་སྟོབས་དང་བློས་གཏོང་ལ་གུས་བཀུར་དང་། རྗེས་དྲན་བྱ་རྒྱུ་ངའི་རེ་བ་ཡིན་ཞེས་དང་། སྲིད་འཛིན་ཞེ་ཅེན་ཕིན་དང་རླབས་ཆེ་བའི་རྒྱ་ནག་མི་དམངས་ཀྱིས་དུས་དྲན་འདི་སྲུང་བརྩི་ཡག་པོ་ཐུབ་པར་སྨོན། (དེ་དང་ལྷན་)ཁྱོད་ཚོས་ཨ་རིར་རྒོལ་བའི་ལྐོག་ཇུས་འཐེན་བཞིན་པ་ལྟར། ཕུ་ཀྲན་དང་ཀེམ་ཇོང་ཨུན་གཉིས་ལའང་ངས་འཚམས་འདྲི་ཞུ་བཞིན་ཡོད་པ་བཤད་རོགས། ཞེས་བྲིས།

དེའི་རྗེས་སུ་རཱ་ཤི་ཡའི་སྲིད་འཛིན་ཕུ་ཀྲན་གྱི་ཕྱི་སྲིད་སློབ་སྟོན་པ། ཡུ་རེ་ཨུ་ཤ་ཁོ་ཝི་ཡིས་རཱ་ཤི་ཡའི་ཏཱ་སི་གསར་ཁང་ལ། ཞེ་ཅེན་ཕིན་དང་ཀེམ་ཇོང་ཨུན། ཕུ་ཀྲན་གསུམ་གྱིས་ཨ་རིར་རྒོལ་རྒྱུའི་སྐོར་ལ་བསམ་བློ་ཙམ་ཡང་གཏོང་བཞིན་མེད་པ་རེད། ད་ལྟའི་རྒྱལ་སྤྱིའི་གནས་སྟངས་ཁྲོད་ཨ་རིའི་གོ་བབ་གང་འདྲ་ཞིག་བཟུང་ཡོད་པ་དབུ་ཁྲིད་ཁོང་གསུམ་གྱིས་ཤེས་ཡོད་ཅེས་བཤད། ཐེངས་འདིར་ཀེམ་དང་ཕུ་ཀྲན་གཉིས་ཟུར་དུ་ཆུ་ཚོད་ 2:30 རིང་ཐུག་ཅིང་། རཱ་ཤི་ཡའི་གསར་ཁང་དག་ལྟར་ན་ཕུ་ཀྲན་གྱིས་ཀེམ་རཱ་ཤི་ཡར་ཡོང་རྒྱུར་མགྲོན་འབོད་བྱས་ཡོད་པ་བཤད། གནས་ཚུལ་གཞན་པ་ཞིག་ལ་ལྷོ་ཀོ་རེ་ཡའི་སྲིད་འཛིན་རྒྱ་ནག་ཏུ་དེ་རིང་ཡོང་རྒྱུར་མགྲོན་ཤོག་བཏང་ཟིན་ནའང་། ཁོ་མ་ཡོང་བར་ཚབ་ཏུ་གྲོས་ཚོགས་ཚོགས་གཙོ་བཏང་ཟིན་པ་གསལ། དེ་ནི་ཀེམ་ཇོང་ཨུན་འདིར་ཡོང་བཞིན་པ་གང་ཞིག་ལ། ལྷོ་བྱང་ཀོ་རེ་ཡའི་དབུ་ཁྲིད་གཉིས་ཐད་ཀར་ཐུག་རྒྱུའི་གྲ་སྒྲིག་དང་། རེ་ཞིག་འོས་བབ་གང་ཡང་མེད་པས་ཡིན་པ་ཚོད་དཔག་བྱེད།

♦️ བསམ་ཚུལ།

བདུན་ཕྲག་འདིའི་འགོ་ནས་བཟུང་། རྒྱལ་སྤྱིའི་སྟེང་གནས་ཚུལ་ཧ་ཅང་མང་པོ་ཞིག་བྱུང་ཞིང་། མང་པོ་ཞིག་ལ་བདུན་ཕྲག་ 1 གི་དུས་ཡུན་རིང་། འཛམ་གླིང་གི་སྒྲོམ་གཞི་མགོ་གཏིང་བསློགས་ཟིན་པ་ལྟ་བུའི་ཚོར་བ་སྤྲད། གནའ་ནས་ད་བར་སྟོབས་ཤུགས་ཆེན་པོ་དག་ནི་འཕེལ་བ་དང་། འཕེལ་བའི་རྩེ་མོར་སོན་པ། དེ་ནས་མར་རྒུད་པ་སོགས་ནི་ཆོས་ཉིད་ཡིན་པས། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ཀྱི་ཨ་རི་དང་ཡུ་རོབ་ཀྱིས་འགོ་འཁྲིད་པའི་རྒྱལ་སྤྱིའི་སྒྲོམ་གཞི་ལ་འགྱུར་བ་འགྲོ་བཞིན་པ་དང་། འགྱུར་བ་འགྲོ་རྒྱུ་ཡིན་པ་ནི་གཏན་འཁེལ་ཡིན་ནའང་། རྒྱ་ནག་དང་རཱ་ཤི་ཡ་གཉིས་ཀྱིས་ཤོད་བཞིན་པ། རྒྱལ་སྤྱིའི་དབང་ཆ་བགོ་འགྲེམས་(Multilateralism)ཞེས་པ་ནི། མཚན་གཅིག་གི་རིང་གནམ་རྡོ་ལྟར་མགོ་ལ་ལྷུང་རྒྱུ་ཞིག་ཡིན་པའི་གཞིའང་ཡོད་པ་མི་འདོད།

རྒྱ་ནག་ཕུད་དེ་རིང་པེ་ཅིང་དུ་འཛོམས་པའི་རྒྱལ་ཁབ་ 25 ཚང་མའི་དཔལ་འབྱོར་མཉམ་དུ་བསྡོམས་ནའང་། ཨ་སྒོར་ཁྲག་ཁྲིག་ཆེན་མོ་ $6.9 ཡས་མས་ལས་མིན་པ་དང་། དེའི་སྟེང་རྒྱ་ནག་གི་དཔལ་འབྱོར་བསྣན་ནའང་། ད་དུང་ཡང་ཨ་རིའི་དཔལ་འབྱོར་གྱི་ཚད་དེ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ $3 ཡས་མས་ཀྱིས་ཆེ། དེར་བརྟེན་ཉེ་དུས་ཐེ་ཅིན་དུ་ཚོགས་པའི་ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུ་དང་། དེ་རིང་པེ་ཅིང་གི་དམག་དོན་མཛད་སྒོ་གང་ཞིག་ཡིན་ཡང་། ཕྱིའི་རྣམ་པ་གཙོ་འཛིན་དང་། དེ་དང་འབྲེལ་བའི་འུར་སྒྲོག་དང་ཆབ་སྲིད་ཁྱབ་སྒྲོག་(Propoganda)གི་ཁྱད་ཆོས་ཤུགས་ཆེན་ལྡན་པ་མཐོང་ཐུབ། འདི་ནི་རྒྱལ་སྤྱིའི་རང་བཞིན་ཅན་གྱི་ཁྱབ་བསྒྲགས་ཤིག་ཡིན་པའི་ངོས་ནས་ལྟ་དགོས་པ་འདོད།

ཡིན་ན་ཡང་། མཐོང་རྒྱུ་དང་རིག་རྒྱུ་མང་བ་འདིའི་རྒྱབ་ཏུ་དོན་དངོས་ཀྱི་གནས་ཚུལ་འགའ་ཡང་ཡོད་པ་ཁས་ལེན་དགོས། དེ་ནི་ཚོང་ལས་དང་ཚོང་འབྲེལ་ཤུགས་ཆེན་ལས། མང་གཙོ་དང་རང་དབང་ལྟ་བུའི་རིན་ཐང་གི་སྟེང་གཞིར་བཞག་མེད་པའི་སྒྲོ་ནལ་ཁྲི་རམ་ཕུའི་ཕྱི་སྲིད་ཀྱི་རྐྱེན་པས། ཨ་རིས་དགྲ་གྲོགས་དབྱེར་མེད་ངང་རྡུང་བཞིན་པའི་ལས་འགུལ་རྙོག་འཛིང་ཅན་འདིའི་ཁྲོད། ཞེ་ཅེན་ཕིན་དང་ཕུ་ཀྲན་གཉིས་ལ་རྒྱལ་སྤྱིའི་སྟོབས་ཤུགས་གཞན་དག་གང་ཐུབ་ཀྱིས་རང་ཕྱོགས་སུ་འགུག་རྒྱུའི་གོ་སྐབས་ཆེན་པོ་ཐོབ་བཞིན་པ་ཆེད་མཁས་པ་ཚོས་འདོད་ཅིང་། ལྷག་པར་དུ་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། ཨ་རི་དེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སྡེ་ཁག་དག་ནས་ཕྱིར་འཐེན་དང་། རྒྱ་ནག་སོགས་སྒེར་གཅོད་སྲིད་གཞུང་དག་ལ་དམིགས་པའི་རང་དབང་རླུང་བརྙན་འཕྲིན་སོགས་དང་བླངས་གིས་སྒོ་རྒྱག་བཞིན་པ།

འདི་ནི་ཞེ་ཅེན་ཕིན་དང་ཕུ་ཀྲན་གཉིས་ཀྱིས་ཤོད་བཞིན་པ། དབང་ཆ་འགོ་འགྲེམས་ཞེས་པའི་ཆ་ཤས་གལ་ཆེན་ཞིག་སྟེ། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་བྱུས་མི་བྱ་བ་ཞེས་པ་དེར་ཆར་བ་ཆུ་གྲོགས་སུ་འགྱུར་བཞིན་ཡོད། སྙིང་པོ་ནི་རྒྱལ་སྤྱིའི་སྒྲོམ་གཞི་དེ་མཚན་མོ་གཅིག་ལ་འགྱུར་བ་འགྲོ་རྒྱུ་ཞིག་མིན་ནའང་། སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། འདས་པའི་དུས་རབས་ཕྱེ་ཀའི་རིང་འཛམ་གླིང་གང་སར་ཡོད་པའི་ཨ་རིའི་འཇམ་པོའི་སྟོབས་ཤུགས་ཏེ། མགོ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དང་། རང་དབང་ལྟ་ཞིབ་ཚོགས་པ། རྒྱལ་སྤྱིའི་འཕྲོད་བསྟེན་ལས་གཞི། ཨ་རི་རང་གིས་ས་གནས་འདྲ་མིན་དུ་སྤྲོད་བཞིན་པའི་རོགས་སྐྱོར། མཐའ་ན་རྒྱ་ནག་སོགས་སྒེར་གཅོད་རྒྱལ་ཁབ་དག་ལ་དམིགས་པའི་རླུང་བརྙན་འཕྲིན་ཚང་མ་དང་བླང་གིས་སྒོ་རྒྱག་བཞིན་པ་འདིས། རྒྱ་ནག་ལ་འཇམ་པོའི་སྟོབས་ཤུགས་རྒྱ་བསྐྱེད་རྒྱུར་ལོ་རྒྱུས་ཀྱི་གོ་སྐབས་སྤྲད།

གནས་ཚུལ་གཞན་པ་ཞིག་ནི་རཱ་རྒྱ་གཉིས་བར། རླངས་རྫས་ལྕགས་སྦུག་གཉིས་པ་(Siberia-2)ཞིག་བཟོ་རྒྱུའི་ཆབ་སྲིད་ཀྱི་གྲོས་མཐུན་ཟིན་པ་དེ་རེད། འདི་ནི་དུས་ཐུང་ནང་ལག་བསྟར་ཐུབ་པ་ཞིག་མིན་པར་དངུལ་སྒོར་གྱི་རྩིས་ཁྲ་དག་རྗེས་ནས་འགྲོ་དགོས། ཡིན་ན་ཡང་། འདིས་གནད་དོན་ཞིག་གསལ་བོར་བསྟན། དེ་ནི་གལ་སྲིད་སྒྲོ་ནལ་ཁྲི་རམ་ཕུས། ཕུགས་རྒྱང་གི་ཆ་ནས་ཕུ་ཀྲན་དང་། རཱ་ཤི་ཡ་ཨ་རིའི་ཕྱོགས་སུ་འགུག་རྒྱུ་ཡིན་ཟེར་བཞིན་ཡོད་ཚེ། འདི་ནི་རེ་བ་དེ་ལ་བཏབས་པའི་ཕུ་ཀྲན་གྱི་ལན་རེད།

གནད་དོན་གཞན་ཞིག་ནི། སྒྲོ་ནལ་ཁྲི་རམ་ཕུ་རང་གི་སྲིད་འཛིན་དུས་ཡུན་སྔོན་མ་ཚུད། འདས་པའི་ཨ་རིའི་སྲིད་གཞུང་རིམ་པས། རྒྱ་གར་དེ་རང་ཕྱོགས་སུ་འགུག་རྒྱུར་འབད་པ་བྱས་པར་གྲུབ་འབྲས་ཆེན་པོ་ཐོན་ཟིན། ཡིན་ན་ཡང་། ཉེ་དུས་ཀྱི་སྒྲོ་ནལ་ཁྲི་རམ་ཕུའི་མཐོང་ཆུང་གི་བྱེད་སྟངས་དེས། རྒྱ་གར་དང་ཨ་རིའི་ཕྱི་འབྲེལ་ལ་བརྗེས་མི་ཐུབ་པའི་རྨ་ཁ་ཞིག་བཟོས་ཟིན་པ་དང་། འདི་ནི་ཚོང་འབྲེལ་བསྐྱར་སྒྲིག་ལ་གྲོས་མཐུན་པ་ཙམ་གྱིས་སེལ་ཐུབ་པ་ཞིག་མིན་པ་དབྱེ་ཞིབ་པ་ཚོས་བཤད། དེར་བརྟེན། རྒྱལ་སྤྱིའི་སྟེང་ཨ་རིའི་ཤུགས་རྐྱེན་ཉམ་རྒུད་དུ་འགྲོ་བཞིན་ཡོད་ན། སྒྲོ་ནལ་ཁྲི་རམ་ཕུས་ཉམ་རྒུད་དེའི་ཚད་གཞི་མགྱོགས་སུ་གཏོང་བཞིན་འདུག་ཅེས་བཤད་ཆོག

གསར་གནས།

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། རཱ་ཤི་ཡ་དང་ཡུ་ཁུ་རན། ཡུ་རོབ་བཅས་དང་ལྷན་གསང་བའི་ངང་གྲོས་མོལ་གྱིས།དམག་འཁྲུག་འདི་མཚམས་འཇོག་ཐབས་ཆེད་ཡིག་ཆ་དོན་ཚན་ 28 ཞིག་བཟོ་བཞིན་པའི་གནས་ཚུལ་ཐོན་ཟིན་པ་ལྟར། ད་ལྟ་འདིའི་སྐོར་གནས་ཚུལ་ཅུང་ཞིབ་ཕྲ་ཐོན།

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། དམག་འཁྲུག་འདི་མཚམས་འཇོག་ཐབས་དང་འབྲེལ། ཡིག་ཆ་དོན་ཚན་ 28 ཅན་ཞིག་བཟོ་བཞིན་པ་དང་། འདིའི་ཆེད་རཱ་ཤི་ཡ་དང་ཡུ་ཁུ་རན། ཡུ་རོབ་རྒྱལ་ཁབ་དག་དང་ལྷན་གསང་བའི་ངང་གྲོས་མོལ་བྱེད་བཞིན་པ་བཤད།

དཀྱིལ་ཤར་ལ་གཞི་ནས་ཞི་བདེ་བསྐྲུན་ཟིན།

སྒྲོ་ནལ་ཁྲི་རམ་ཕུས། ངའི་མི་ཚེ་གང་ལ་དཀྱིལ་ཤར་དུ་ཞི་བདེ་སྐྲུན་ཐབས་སྐོར་གོ་ནས་ཡོང་བ་ཡིན།ཡིན་ན་ཡང་། ད་ལྟ་བར་བསྐྲུན་མ་ཐུབ་པ་ལ་ང་ཚོས་གཞི་ནས་དཀྱིལ་ཤར་དུ་ཞི་བདེ་བསྐྲུན་ཟིན་ཅེས་བཤད།

ཨ་རིས་ཐེ་ཝན་ལ་གོ་ལག་བཙོང་། 

ཨ་རིས་ཐེ་ཝན་ལ་འཕུར་མདའི་མ་ལག་ནཱ་སམ་སི་(NASAMS)བཅས། གོ་ལག་རིན་ཐང་ཨ་སྒོར་ས་ཡ་ $700 འཚོང་རྒྱུ་ཡིན་པ་ཨ་རིའི་ལས་བྱེད་ཚོས་གཏན་འཁེལ།

སོ་ཐེའི་རྒྱལ་སྲས་ཨ་རིར་སླེབས།

སོ་ཐེ་ཨ་རབ་བྷེ་ཡའི་རྒྱལ་སྲས་ཀྱིས། འབྱུང་འགྱུར་རྒྱལ་ཁབ་འདིས་བཅོས་མའི་རིག་པ་དང་འཕྲུལ་རིགས་སོགས་དང་འབྲེལ། ཨ་རིའི་རྒྱལ་ནང་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ $1 མ་ཟིན་ཙམ་གྱི་མ་རྐང་འཇོག་རྒྱུ་ཡིན་པ་བཤད།