ཨ་རིའི་གྲོས་ཚོགས་འོག་མ་རུ། ནག་ཅན་ཨེབ་སི་ཀྲེན་དང་འབྲེལ་བའི་ཞིབ་འཇུག་ཡིག་ཆ་ཚང་མ་ཕྱིར་འདོན་རྒྱུའི་ཁྲིམས་འཆར་འགྲོ་ཐུབ་པར་གྱུར་ཅིང་། ཁྲིམས་འཆར་འདི་གྲོས་ཚོགས་གོང་མར་གཞུང་འབྲེལ་ངང་མ་སླེབས་སྔོན། གྲོས་ཚོགས་གོང་མའི་འཐུས་མི་ཚོས་ཀྱང་དེར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་གཏན་འཁེལ།
ཨ་རིའི་ཁ་སང་གཟའ་མིག་དམར་དང་རྒྱ་གར་གྱི་མདང་དགོང་། ཨ་རིའི་གྲོས་ཚོགས་འོག་མ་རུ། ནག་ཅན་ཨེབ་སི་ཀྲེན་དང་འབྲེལ་བའི་ཞིབ་འཇུག་ཡིག་ཆ་ཚང་མ་ཕྱིར་འདོན་རྒྱུའི་ཁྲིམས་འཆར་འགྲོ་ཐུབ་པར་གྱུར་ཅིང་། ཁྲིམས་འཆར་འདི་གྲོས་ཚོགས་གོང་མར་གཞུང་འབྲེལ་ངང་མ་སླེབས་སྔོན། གྲོས་ཚོགས་གོང་མའི་འཐུས་མི་ཚོས་ཀྱང་དེར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་གཏན་འཁེལ། དེ་ལྟར་ན་ཡིག་ཆ་འདི་གཞུང་འབྲེལ་ངང་དེ་རིང་གཟའ་ལྷག་པའི་ཉིན་གྲོས་ཚོགས་ནས་འགྲོ་ཐུབ་རྒྱུ་དང་། དེའི་རྗེས་སྲིད་འཛིན་གྱིས་མཐའ་མའི་ཆོག་མཆན་མིང་རྟགས་འགོད་རྒྱུ་ལས་ལྷག་མེད།
གྲོས་ཚོགས་འོག་མ་རུ་འཐུས་མི་གཅིག་ཁོ་ནས་ངོ་རྒོལ་བྱས་པ་ལས་གཞན་དག་ཚང་མས་རྒྱབ་སྐྱོར་བྱས། གྲོས་ཚོགས་གོང་མའི་འཐུས་མི་ཚོས་སྤྱི་མོས་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་གསལ། སྤྱིར་གྲོས་ཚོགས་སུ་ཁྲིམས་འཆར་འདི་འདྲ་ཞིག་འགྲོ་བར། གྲོས་ཚོགས་འཐུས་མི་མང་ཤོས་ཀྱིས་རྒྱབ་སྐྱོར་བྱས་པ་ཙམ་གྱིས་འཐུས་ཀྱང་། འདི་ནི་གནས་སྟངས་དམིགས་བསལ་བ་ཞིག་གི་འོག་ཏུ་དུས་ཐུང་ནང་བྱུང་བའི་ཁྲིམས་འཆར་ཞིག་ཡིན་པས། གྲོས་འཐུས་གྲངས་གསུམ་ཆ་གཉིས་ཀྱིས་རྒྱབ་སྐྱོར་བྱེད་དགོས་པ་གསལ།
དེས་ན་ཡིག་ཆ་འདི་ནི་གྲོས་འཐུས་གསུམ་ཆ་གཉིས་ཀྱིས་རྒྱབ་སྐྱོར་བྱས་ཟིན་པ་ཞིག་ཡིན་པས། སྲིད་འཛིན་གྱིས་འགོག་ཐབས་བྱས་ཀྱང་གྲོས་ཚོགས་ཀྱིས་ཁྲིམས་སུ་སྒྱུར་ཐུབ་པ་ཡིན། དེ་དང་ལྷན་རྒྱལ་སའི་ལས་ཁུངས་དག་གི་ཕྱི་རོལ་དུ། ཁྲིམས་འཆར་འདིར་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་གྲོས་འཐུས་ཚོ་དང་། ཁོ་ཚོར་ནག་ཅན་ཨེབ་སི་ཀྲེན་གྱིས་གནོད་འཚེ་བྱས་ཟིན་པར་བཤད་པའི་བུད་མེད་མང་པོ་འཛོམས་ཤིང་། ཁོ་ཚོས། འདི་ནི་སྔར་ནས་བསྒྲུབས་ཟིན་པ་ཞིག་ཡིན་དགོས་པ་ལ། ད་ལྟ་བར་འདི་ལྟར་ལྷག་པ་རེད་ཅེས་བསྒྲགས།
ལྷག་པར་ནག་ཅན་ཨེབ་སི་ཀྲེན་གྱི་ཡིག་ཆ་ཕྱིར་འདོན་མིན་དང་འབྲེལ།སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཁ་རྩོད་ཤོར་མཁན། གྲོས་འཐུས་བུད་མེད་ཀྲེ་ལོར་གྷི་རེ་ནེ་(Taylor Greene)ཡིས། ང་ངའི་རྒྱབ་ཏུ་ཡོད་པའི་བུད་མེད་འདི་དག་ཆེད་ལངས་རྐྱེན། སྐྱེས་པ་ཞིག་(སྒྲོ་ནལ་ཁྲི་རམ་ཕུ)གིས་ང་ལ་{རྒྱལ་ཁབ་ལ་བློ་ལོག་མཁན་}ལབ་པ་རེད་ཅེས་དང་།ཨེབ་སི་ཀྲེན་དང་འབྲེལ་བའི་གནད་དོན་དག་གིས། ཨ་རི་དང་པོ་འཇོག་མཁན་(MAGA)ཚོ་དུམ་བུར་གཏོར་སོང་ཞེས་བཤད། མོ་ནི་སྔར་སྒྲོ་ནལ་ཁྲི་རམ་ཕུའི་རྒྱབ་སྐྱོར་བ་གཙོ་བོ་ཞིག་ཡིན་པར་ངོས་འཛིན།
◾གནས་ཚུལ་འདིའི་ཐད་ཀའི་བྱུང་རིམ།
ད་ལོར་སྒྲོ་ནལ་ཁྲི་རམ་ཕུ་སྲིད་སྟེགས་སུ་སླེབས་རྗེས། ཆབ་སྲིད་པ་དང་མི་དམངས་ཁྲོད། ནག་ཅན་ཨེབ་སི་ཀྲེན་དང་འབྲེལ་བའི་གཞུང་འབྲེལ་ཡིག་ཆ་ཚང་མ་ཕྱིར་འདོན་དགོས་པ་བཤད། ཕྱི་ཟླ་ 2 ནང་ཁྲིམས་ལུགས་ལྟ་ཞིབ་དང་ལག་བསྟར་ལྷན་ཁང་གིས། ཨེབ་སི་ཀྲེན་དང་འབྲེལ་བའི་ཡིག་ཆ་གྲངས་ 341 ཕྱིར་བཀྲམས། ཡིག་ཆ་ཚང་མ་འདོན་དགོས་ཞེས་སྐད་ཤུགས་ཆེ་རུ་་ཕྱིན་རྐྱེན། ཕྱི་ཟླ་ 7 ནང་ཁྲིམས་ལུགས་ལྟ་ཞིབ་དང་ལག་བསྟར་ལྷན་ཁང་གིས། ཡིག་ཆ་གཞན་ཕྱིར་འདོན་རྒྱུ་མིན་པ་བསྒྲགས། ཕྱི་ཟླ་ 9 ནང་གྲོས་ཚོགས་ཀྱི་ལྟ་ཞིབ་ཚོགས་ཆུང་ཞིག་གིས། ཡིག་ཆ་གྲངས་ 33,000 ཕྱིར་བཏོན།
ཕྱི་ཟླ་ 11 ཚེས་ 12 ཉིན་མང་གཙོ་ཚོགས་པའི་འཐུས་མི་ཚོས། ཨེབ་སི་ཀྲེན་དང་འབྲེལ་བའི་གློག་འཕྲིན་སོགས། ཡིག་ཆ་གྲངས་ཁྲི་ 2 ཕྱིར་བཏོན་ཅིང་དེའི་ནང་དུ་སྒྲོ་ནལ་ཁྲི་རམ་ཕུའི་མིང་སླེབས། ཕྱི་ཟླ་ 11 ཚེས་ 16 ཉིན་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཡིག་ཆ་ཚང་མ་ཕྱིར་འདོན་མིན་ཐད་འོས་བླུག་དགོས་ཞེས། སྤྱི་མཐུན་ཚོགས་པའི་འཐུས་མི་ཚོར་བཤད། ད་ལྟ་བར་སྒྲོ་ནལ་ཁྲི་རམ་ཕུས་ཨེབ་སི་ཀྲེན་ནི་ཤི་ཟིན་པ་ཞིག་ཡིན་པས། དེའི་སྐོར་གླེང་བ་ནི་ཉོབས་བྱེད་ཅིག་རེད་ཅེས་འདིའི་སྐོར་གླེང་འདོད་མེད་པའི་རྣམ་འགྱུར་བསྟན།
ནག་ཅན་ཨེབ་སི་ཀྲེན་དང་འབྲེལ་བའི་ཡིག་ཆ་ཞེས་པ་ནི། ནག་ཅན་ཨེབ་སི་ཀྲེན་གྱི་ནག་ཉེས་ལ་ཞིབ་འཇུག་ཆེད། གཞུང་གིས་ཡིག་ཆ་མང་པོ་སྡུད་སྒྲུག་དང་། མི་མང་པོར་བཅར་འདྲི་བྱས་པ་ཡིག་ཐོག་ཏུ་བཀོད་པ་སོགས། ཁོའི་ནག་ཉེས་ཀྱི་ཕྱི་ནང་སྔོག་ཆེད་བསགས་པའི་ཡིག་ཆ་དག་ལ་ཟེར། ཨེབ་སི་ཀྲེན་(Jeffrey Epstein)ནི། གཙོ་བོ་ཕྱི་ལོ་1990 ནས་བཟུང་།
བུ་མོ་ན་ཚོད་མ་སྨིན་པ་མང་པོ་རང་གིས་སྤྱད་པ་མ་ཟད།གཞན་ལ་བཙོང་ཟིན་པའི་དོགས་གཞི་ཡོད་པའི་ནག་ཅན་ཞིག་དང་། ཁོའི་ནག་ཉེས་་ཁྲོད་མཐོར་རིམ་ཆབ་སྲིད་པ་དང་། ཚོང་པ་སོགས་ཚུད་ཡོད་པའི་དོགས་པ་བྱེད། ཨེབ་སི་ཀྲེན་རང་ཉིད་ཕྱི་ལོ་ 2019 ལོར་བཀག་མཉར་ཁང་དུ་ཤི་ཟིན་པ་དང་། གཞུང་འབྲེལ་གྱི་གསལ་བཤད་ནི་རང་སྲོག་བཅད་ཟིན་པ་དེ་རེད། ད་ལྟ་སྐད་ཆ་འདི་ཤུགས་ཆེ་རུ་འགྲོ་དོན་ནི། སྒྲོ་ནལ་ཁྲི་རམ་ཕུ་དང་ཨེབ་སི་ཀྲེན་གཉིས་ཀྱི་འབྲེལ་བའི་ཐད་དོགས་པ་མང་པོ་ཡོད་པས་རེད།
