བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།
བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས། དགོངས་པ་ཞུས་ཟིན་པའི་ལས་བྱེད་གཅིག་ནི། བཅོས་མའི་རིག་པའི་ཉེན་ཆས་(Claude)ཀྱི་ཁེ་གཉེར་ཨ་མ་(Anthropic)ནང་དུ་ལས་ཀ་བྱེད་མཁན་མཱ་རེ་ནན་ཁི་ཤར་མ་(Marinank Sharma)ཞེས་པ་ཡིན་པ་དང་། ཁོ་ནི་བཅོས་མའི་རིག་པའི་བདེ་འཇགས་ལ་ཞིབ་འཇུག་བྱེད་མཁན་གཙོ་བོ་ཡིན་པ་གསལ།
ཁོས་དགོངས་པ་ཞུ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། བཅོས་མའི་རིག་པའི་ཁྲོད། ཚོང་ལས་དང་འགྲན་བསྡུར་གཙོ་བོར་བཟུང་བ་ལ་བརྟེན་ནས། བདེ་འཇགས་ཀྱི་རིན་ཐང་མེད་པ་བཟོ་བཞིན་པ་དེ་ཡིན་པ་བཤད། ད་དུང་ཁོས། འཛམ་གླིང་འདི་ཉེན་ཁའི་ཁྲོད་དུ་འདུག དེ་ནི་བཅོས་མའི་རིག་པ་དང་རིགས་རྫས་ཚོན་ཆ་གཅིག་བུ་ལ་བརྟེན་ནས་མ་རེད། རྙོག་ཟིང་ཚང་མ་ཕན་ཚུན་སྐྱ་སྦྲེལ་ནས་ད་ལྟ་འབྱུང་བཞིན་འདུག་ཅེས་བཤད་ཅིང་། ཁོ་རང་ངོས་ནས་དབྱིན་ཇིར་ཕྱིར་ལོག་རྒྱུ་དང་། དེར་སྙན་ངག་སློབ་སྦྱོང་དང་འབྲི་རྒྱུར་དམིགས་པ་གཏོད་རྒྱུ་དང་། རེ་ཞིག་རང་ཉིད་མི་རྣམས་ཀྱི་མཐོང་ལམ་ནས་ཡལ་དུ་འཇུག་རྒྱུ་ཡིན་པ་བཤད།
ལས་བྱེད་གཞན་པ་ཞིག་ནི་ཛོའེ་ཧེ་ཛེག་(Zoe Hitzig)ཞེས་པ་ཡིན་པ་དང་། བུད་མེད་འདིས་ཨོ་པན་ཨེ་ཨའེ་(OpenAI)རུ་ལས་ཀ་བྱེད་བཞིན་པ་དང་། མོས། སེམས་ཁྲལ་ཆེ་ཤོས་ནི་མི་རྣམས་སེམས་ཚོར་གྱི་ཆ་ནས་བཅོས་མའི་རིག་པར་རྟེན་བཞིན་པ་དང་། ངོ་དེབ་སོགས་སྤྱི་ཚོགས་དྲྭ་བ་གཞན་དག་ལྟར། བཅོས་མའི་རིག་པས་ཀྱང་མིའི་སེམས་ཁམས་ལ་དཀའ་ངལ་བཟོ་རྒྱུ་སོགས། སྔར་གྱི་ནོར་འཁྲུལ་དག་བསྐྱར་ཟློས་བྱ་རྒྱུ་དེ་ཡིན་པ་བཤད།
