ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། རཱ་ཤི་ཡ་དང་ཡུ་ཁུ་རན། ཡུ་རོབ་བཅས་དང་ལྷན་གསང་བའི་ངང་གྲོས་མོལ་གྱིས།དམག་འཁྲུག་འདི་མཚམས་འཇོག་ཐབས་ཆེད་ཡིག་ཆ་དོན་ཚན་ 28 ཞིག་བཟོ་བཞིན་པའི་གནས་ཚུལ་ཐོན་ཟིན་པ་ལྟར། ད་ལྟ་འདིའི་སྐོར་གནས་ཚུལ་ཅུང་ཞིབ་ཕྲ་ཐོན།
ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། རཱ་ཤི་ཡ་དང་ཡུ་ཁུ་རན། ཡུ་རོབ་བཅས་དང་ལྷན་གསང་བའི་ངང་གྲོས་མོལ་གྱིས།དམག་འཁྲུག་འདི་མཚམས་འཇོག་ཐབས་ཆེད་ཡིག་ཆ་དོན་ཚན་ 28 ཞིག་བཟོ་བཞིན་པའི་གནས་ཚུལ་ཐོན་ཟིན་པ་ལྟར། ད་ལྟ་འདིའི་སྐོར་གནས་ཚུལ་ཅུང་ཞིབ་ཕྲ་ཐོན་པ་ལྟར་ན། དོན་ལ་ཨ་རིས་ཡུ་ཁུ་རན་དང་ཡུ་རོབ་ཟུར་དུ་བཞག་ནས། རཱ་ཤི་ཡ་དང་ལྷན་གཙོ་བོ་ཡིག་ཆ་འདི་བཟོ་བཞིན་པ་དང་། དེའི་ཁྲོད་ཁཱ་ཀྲར་དང་ཏུར་ཀེ་གཉིས་ཀྱང་ཞུགས་ཡོད་པ། ཨེག་སོ་སི་སྟེང་གནས་ཚུལ་བཀོད།
གྲོས་མོལ་འདིའི་ཁྲོད་གཙོ་བོ་ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུའི་དམིགས་བསལ་སྐུ་ཚབ། ཝེ་ཀྲི་ཀོ་ཧྥི་དང་རཱ་ཤི་ཡའི་སྲིད་འཛིན་ཕུ་ཀྲན་གྱི་སྐུ་ཚབ། ཁེ་རེལ་ སྒྲི་མེ་ཀྲི་རེ་ཝི་(Kirill Dmitriev)གཉིས་ཞུགས་ཡོད་པ་དང་། ཟླ་བ་སྔོན་མའི་མཇུག་ཏུ་ཁོ་གཉིས་ཨ་རིའི་མཱ་ཡ་མེ་རུ་འཛོམས་ཡོད་པ་གསལ། ད་ལྟ་གཞི་ནས་ཡུ་ཁུ་རན་དང་ཡུ་རོབ་ལྷན་འབྲེལ་བ་བྱེད་བཞིན་པ་གསལ། ཁ་སང་ཨ་རིའི་ཆེས་མཐོའི་དམག་དོན་ལས་བྱེད་ཅིག་ཡོངས་བསྒྲགས་མ་ཡིན་པའི་ངང་ཡུ་ཁུ་རན་གྱི་རྒྱལ་ས་ཁེ་ཝུར་སླེབས་ཡོད་པ། ཡོང་དོན་ཡང་དམག་མཚམས་འཇོག་རྒྱུའི་སྐོར་ཡིན་པ་པོ་ལི་ཀྲི་ཀོ་གསར་ཤོག་གིས་གནས་ཚུལ་བཀོད་ཅིང་། ཡུ་རོབ་དང་ཡུ་ཁུ་རན་ཟུར་དུ་བཞག་ནས་བཟོས་པའི་ཡིག་ཆ་འདིའི་ནང་དོན་ཞིབ་ཕྲ། ཡོང་རྒྱུའི་ཉིན་མ་དག་གི་ནང་ཕྱིར་བསྟན་རྒྱུ་ཡིན་པ་ཚོད་དཔག་བྱེད།
པོ་ལི་ཀྲི་ཀོ་གསར་ཤོག་ལ་ཨ་རིའི་ལས་བྱེད་ཅིག་གིས།ཡུ་ཁུ་རན་གྱིས་འཆར་གཞི་འདི་ཁས་མི་ལེན་པར་གདམ་ཀ་གཞན་མེད་པ། ཕོ་བྲང་དཀར་པོ་ལ་གདེང་ཚོད་ཡོད་པ་དང་། ཡུ་རོབ་ཀྱིས་འདིའི་སྐོར་ལ་ཅི་ཞིག་བསམས་ཀྱང་ང་ཚོས་ཁ་ཡ་མི་བྱེད་ཅེས་བཤད། ཕོ་བྲང་དཀར་པོའི་བསམ་ཚུལ་ལ། ད་ལྟ་གཡུལ་སར་ཡུ་དམག་ལ་ཕམ་ཁ་ལས་རྒྱལ་ཁ་མེད་པ་དང་གཅིག དེའི་སྟེང་ཛེ་ལན་སི་ཀེའི་མཐའ་འཁོར་དུ་ལྐོག་ཟའི་གནད་དོན་ཆེན་པོ་ཞིག་བྱུང་ཡོད་པས། དཀའ་ངལ་འདི་གཉིས་ཀྱིས། ཛེ་ལན་སི་ཀེའི་སྲིད་གཞུང་ལ་ཡིག་ཆ་འདི་ངོས་ལེན་བྱ་རྒྱུ་ལས་གདམ་ཀ་གཞན་མེད་པའི་ཚད་དུ་གཡུག་ཡོད་པ་ངོས་འཛིན་བཞིན་པ་གོང་གི་ལས་བྱེད་འདིས་བཤད།
ད་དུང་ལས་བྱེད་འདིས། ཡིག་ཆ་འདི་ཕྱོགས་གཉིས་ཀྱིས་ཟླ་བ་འདིའི་མཇུག་གམ།མགྱོགས་ན་བདུན་ཕྲག་འདིའི་ནང་ཁས་ལེན་སྲིད་པ་བཤད། ཡིག་ཆ་འདིའི་ནང་དོན་ཐན་ཐུན་ཞིག་ཕྱིར་ཐོན་པ་ལས།ཞིབ་ཕྲ་ད་ལྟ་བར་ཕྱིར་མ་ཐོན་པས། ཞིབ་ཕྲ་དང་ཕྱིར་ཐོན་པ་དག་ཀྱང་བདེན་མིན་ཞུ་མ་ཤེས། དབྱིན་ཇིའི་ནོར་སྲིད་དུས་བབ་ཀྱི་གསར་འགོད་པ་ཞིག་གིས་བཀོད་པ་ལྟར་ན། ཡིག་ཆ་འདིའི་ནང་དོན་གཙོ་བོ་དག་ནི་དམག་མཚམས་འཇོག་རྒྱུའི་ཆ་རྐྱེན་དུ། ༡ ཡུ་ཁུ་རན་གྱིས་རང་གི་དམག་བརྒྱ་ཆ་ཕྱེད་ཀ་ལས་མང་བ་(2.5x)ཉུང་འཕྲི་བྱ་དགོས་པ། ༢ ཡུ་ཁུ་རན་དུ་ཕྱི་རྒྱལ་གྱི་དག་མི་འཇོག་མི་ཆོག་པ། ༣ ཡུ་ཁུ་རན་ལ་ཐག་རིང་སྙོབས་པའི་གོ་ལག་ཡོད་མི་ཆོག་པ་བཅས་རེད། ༤ ད་དུང་རཱ་དམག་གིས་ཧྲིལ་བོ་འཛིན་མ་ཐུབ་པའི་རྡོན་པ་སི་ས་ཁུལ་དང་། ཁི་རཱ་མེ་ཡ་བཅས་རཱ་ཤི་ཡའི་འོག་ཏུ་འཇོག་རྒྱུ་ཚོད་ཡོད་པ་བཤད།
ཨ་རིའི་ལས་བྱེད་ཅིག་གིས་ཨེག་སོ་སི་ལ། ཡུ་ཁུ་རན་གྱིས་གོང་གི་ཆ་རྐྱེན་འདི་དག་ཁས་མ་བླངས་ཚེ། དམག་འཁྲུག་མུ་མཐུད་དུ་རྒྱག་རྒྱུ་ཡིན་པས། གང་ལྟར་ཡང་ས་ཆ་ནི་འཆོར་རྒྱུ་རེད། དེར་བརྟེན་ཡུ་ཁུ་རན་གྱིས་ཆ་རྐྱེན་འདི་དག་ཁས་ལེན་པ་ནི་ཁོ་རང་གི་ཁེ་ཕན་དང་མཐུན་པ་ཞིག་རེད་ཅེས་བཤད་ཟིན་པའི་གནས་ཚུལ་བཀོད། དེ་དང་ལྷན་ཕུ་ཀྲན་གྱི་སྐུ་ཚབ་སྒྲི་མེ་ཀྲི་རེ་ཝི་ཡིས་ཨེག་སོ་སི་ལ། ད་ལྟ་གཞི་ནས་རཱ་ཤི་ཡའི་དགོས་འདུན་དག་ངོས་ལེན་བྱས་སོང་། འདི་ནི་དམག་འཁྲུག་མཚམས་འཇོག་ཐབས་ཙམ་ཞིག་མ་རེད། ཡུ་ཁུ་རན་དང་འབྲེལ་བའི་དཀའ་ངལ་སེལ་བྱེད་དང་། ཨ་རི་དང་རཱ་ཤི་ཡའི་འབྲེལ་བ། རཱ་ཤི་ཡའི་བདེ་སྲུང་། ཡུ་རོབ་ལ་ཞི་བདེ་སྐྲུན་ཐབས་ཤིག་རེད་ཅེས་བཤད།
དེ་རིང་ཨ་རི་དང་རཱ་ཤི་ཡ་གཉིས་ཀྱིས་བཟོས་པའི་ཡིག་ཆ་འདི། ཡུ་ཁུ་རན་གྱི་སྲིད་འཛིན་ཛེ་ལན་སི་ཀེར་སྤྲད་རྒྱུ་ཡིན་པ་རོའུ་ཀྲར་གསར་ཤོག་གིས་གནས་ཚུལ་བཀོད་ཅིང་། གོང་གི་ཨ་རིའི་དམག་དོན་ལས་བྱེད་འདི་ཡུ་ཁུ་རན་ལ་ཡོང་དོན་ཡང་དེའི་ཆེད་ཡིན་པ་གསལ། ད་དུང་ཡིག་ཆ་འདི་ཁས་ལེན་དགོས་ཞེས། ཨ་རིས་ཡུ་ཁུ་རན་ལ་ལྐོག་ནས་སྐུལ་འདེད་གཏོད་བཞིན་པའང་། རོའུ་ཀྲར་གསར་ཤོག་གིས་གནས་ཚུལ་བཀོད། ད་དུང་ཡིག་ཆ་འདིའི་ནང་དུ་ཡུ་ཁུ་རན་ནུབ་ཆིངས་ཀྱི་ནང་དུ་མི་ཞུགས་རྒྱུའི་སྐད་ཆ་ཞིག་ཀྱང་ཡོད་པ། ཝོལ་སི་ཀྲི་རི་ཀྲི་གསར་དེབ་སྟེང་གནས་ཚུལ་བཀོད།
གོང་གི་ཡིག་ཆའི་ནང་དོན་འདི་བདེན་ཚེ་སླར་ཡང་ད་ལོའི་སྐད་ཆ་རྙིང་པ་དག་སླར་ཡང་སླེབས་འགོ་བཙུགས་ཤིང་། རཱ་ཤི་ཡའི་སྐད་ཆ་ལྟར་ན། དཀའ་ངལ་གྱི་རྩ་བ་མེད་པ་བཟོ་རྒྱུ་ཞེས་པ་དེ་རེད། ད་ལྟ་བར་གྲོས་མ་མཐུན་ས་གཙོ་བོ་འདི་དག་ཡིན་པ་ལ། ད་ལྟ་ཡུ་ཁུ་རན་གྱི་མགོ་ལ་བཙན་གྱིས་འཇོག་རྒྱུ་ཡིན་མ་གཏོགས། ད་ལྟ་བར་ཡུ་ཁུ་རན་གྱིས་ཁས་མ་བླངས་པ་འདི་དག་རེད་ལ། ལྷག་པར་དམག་དཔུང་དང་མཚོན་ཆ་སྙུང་དགོས་ཞེས་པ་ནི། ད་ལྟའི་གནས་སྟངས་ལ་དཔག་ན་ཛེ་ལན་སི་ཀེ་གཞུང་གིས་ངོས་ལེན་རྒྱུའི་རྣམ་པ་གང་ཡང་མི་འདུག་ལ། ཡུ་ཁུ་རན་གྱི་སྲིད་འཛིན་ལས་ཁུངས་ཀྱི་ལས་བྱེད་ཅིག་གིས། ཁེ་ཝུ་རང་བཙན་གསར་ཤོག་ལ། ཡུ་ཁུ་རན་གྱིས་འཆར་གཞི་འདི་ཁས་ལེན་རྒྱུ་མིན་ཞེས་བློ་ཐག་ཆོད་པས་བཤད་ཟིན་པའི་གནས་ཚུལ་བཀོད།
ད་ལྟ་གཡུལ་སར་ཡུ་དམག་ལ་ཕམ་ཁ་ལས་རྒྱལ་ཁ་མེད་པས། ཡུ་ཁུ་རན་གྱི་གནས་སྟངས་སྐྱོ་བོ་ཡོད་པ་དང་། ཛེ་ལན་སི་ཀེའི་མཐའ་འཁོར་དུ་ལྐོག་ཟའི་གནས་ཚུལ་ཆེན་པོ་ཞིག་ལྷག་ཡོད་པས། ནང་སྲིད་ཀྱི་ཆ་ནས་ཁོའི་གནས་སྟངས་ཀྱང་ཡག་པོ་མེད་པ་རྒྱུ་མཚན་དུ་བྱས་ནས་སམ། འདི་ཉིད་གོ་སྐབས་སུ་བཟུང་ནས་ཨ་རིས་ཛེ་ལན་སི་ཀེ་བཙན་འདེད་བྱེད་ཐུབ་པར་འདོད་ཡོད་ན། དེ་ནི་ཧ་ཅང་རྩིས་ནོར་ཆེན་པོ་ཞིག་དང་། ཛེ་ལན་སི་ཀེ་ཡིས་ཕམ་ཁ་གཅིག་གི་སྒང་ལ་ད་དུང་ཡང་ཕམ་ཁ་གཞན་ཞིག་དང་བླང་གིས་རང་གི་མགོ་ལ་ལེན་མི་སྲིད་ཅེས་ཤོད་མཁན་གྱི་དབྱེ་ཞིབ་པའང་བྱུང་།
དེ་དང་ལྷན་རོའུ་ཀྲར་གསར་ཤོག་སྟེང་གནས་ཚུལ་བཀོད་པ་ལྟར་ན།དམག་འཁྲུག་གི་དཀའ་ངལ་འདི་སེལ་ཐབས་དང་འབྲེལ་བསྐོས་པ། སྒྲོ་ནལ་ཁྲི་རམ་ཁྲི་རམ་ཕུའི་དམིགས་བསལ་སྐུ་ཚབ། དམག་སྤྱི་ཟུར་བ་ཁེ་ཐི་ཁེ་ལོག་(Keith Kellogg)ལོ་རྗེས་མའི་ཕྱི་ཟླ་ 1 ནང་། སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་ནས་ཕྱི་ལ་ཐོན་རྒྱུ་ཡིན་པ་བཤད། ཁྲི་རམ་ཕུའི་མཐའ་འཁོར་གྱི་མི་ཚོའི་ཁྲོད་ནས། ཡུ་ཁུ་རན་གྱི་ཁེ་ཕན་དང་དགོས་འདུན་ལ་ཉན་མཁན་ཞིག་ཡོད་པ་ནི། མི་འདི་གཅིག་བུ་ཡིན་པ་དང་།གལ་སྲིད་ཁོ་ཕྱིར་ཐོན་ཚེ་དེའི་རྗེས་སུ་བསམ་བློ་ཡོད་ཀྱང་། རང་གི་འབྱུང་འགྱུར་སྲིད་དོན་དམིགས་ཡུལ་གྱི་རྐྱེན་པས། གཞན་བསྟུན་གྱིས་འགྲོ་མཁན། རྒྱལ་སྲིད་དྲུང་ཆེ་མར་ཀོ་རོའུ་བྷེའོ་དང་། རྒྱལ་སྤྱིའི་ས་ཁམས་ཆབ་སྲིད་འཐབ་རྩོད་དངོས་ལ་རྒྱུས་མངའ་མེད་པའི་ཝེ་ཀྲི་ཀོ་ཧྥི་(Witcoff)ལྟ་བུ་ལས་མེད་པར་གྱུར་ཟིན་པ་ཡིན།
