Homeརྒྱལ་སྤྱི།ཡུ་རོབ།ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

Date:

ཁ་སང་ཡུ་ཁུ་རན་གྱི་སྲིད་འཛིན་ཛེ་ལན་སི་ཀེ་ཨ་རིར་འགྲོ་བའི་ལམ་ཀར། ཁེ་ན་ཀྲར་ཕྱིན་ཅིང་ཁེ་ན་ཀྲའི་སྲིད་བློན་མར་ཁི་ཀར་ནེ་དང་ལྷན་ཐུག་ཅིང་། ཁེ་ན་ཀྲའི་ངོས་ནས་ཡུ་ཁུ་རན་ལ་རོགས་སྐྱོར་ཨ་སྒོར་ཐེར་འབུམ་ $2.5 སྤྲད་རྒྱུ་ཡིན་པ་བསྒྲགས།

•. རཱ་ཤི་ཡའི་སྲིད་འཛིན་ཕུ་ཀྲན་གྱིས་དམག་ཆས་ཤིག་གྱོན་ནས།དམག་སྤྱི་ཆེན་མོ་གྷེ་ར་སེ་མོ་ལ་ཐུག་བཞིན་པའི་བརྙན་ཞིག་ཁ་སང་ཕྱིར་བཀྲམས། དོན་དངོས་སུ་བརྙན་འདི་ནམ་ཞིག་ལ་ས་ཆ་གང་ཞིག་ནས་འཕབ་ཡིན་མི་གསལ་ཡང་། དུས་ཚོད་ཀྱི་ཆ་ནས་སྒྲོ་ནལ་ཁྲི་རམ་ཕུ་དང་། ཛེ་ལན་སི་ཀེ་གཉིས་མ་ཐུག་སྔོན་ཏག་ཏག་ཕྱིར་བཀྲམས་ཤིང་།ནམ་རྒྱུན་སེམས་ཁམས་གནོན་ཤུགས་ཀྱི་ཐབས་བྱུས་འདི་འདྲ། རཱ་ཡུ་ཕྱོགས་གཉིས་ཀས་དུས་ཚོད་གལ་ཆེན་གྱི་སྐབས་སུ་སྦྱོད་བཞིན་པ་གསལ་བོར་གྱུར།

རཱ་ཤི་ཡའི་དམག་སྤྱི་ཆེན་མོ་གྷེ་ར་སེ་མོ་ཡིས་ཕུ་ཀྲན་ལ། རཱ་དམག་གིས་ཡུ་ཁུ་རན་གྱི་རྫ་པུ་རི་ཆི་ས་ཁུལ་གྱི་ཁོ་སོ་ཝི་ཚེ་ཝོ་(Kosovtsevo)
ཞེས་པ་དང་། ཧུ་ལ་ཕོ་ལེ་གྲོང་བརྡལ་(Huliaipole)། རྡོ་ཉད་སི་ཀི་ས་ཁུལ་གྱི་མེར་ནེ་གྷི་ར་ཀྲི་གྲོང་བརྡལ་(Myrnohrad)བཅས་བཅིངས་གྲོལ་བཏང་ཟིན་ཟེར། ཕུ་ཀྲན་གྱིས། གཡུལ་སའི་ཕྱོགས་ཀུན་དུ་རཱ་དམག་གིས་མདུན་བསྐྱོད་བྱེད་ཐུབ་བཞིན་པ་བཤད།

•. ད་དུང་ཁོས། རྫ་པུ་རི་ཆི་ས་ཁུལ་གྱི་ཧུ་ལ་ཕོ་ལེ་གྲོང་བརྡལ་འཕྲོག་ཐུབ་པ་དེས། རཱ་དམག་མུ་མཐུད་དུ་མདུན་བསྐྱོད་ཐུབ་པའི་ལམ་ཀ་ཕྱེ་ཟིན་པ་དང་། རཱ་དམག་གིས་སུ་མེ་མངའ་སྡེ་དང་ཁར་ཁེ་ཝུ་མངའ་སྡེ། སྒྲི་ནེ་པུར་བཅས་སུ་ས་ཆ་རྒྱ་བསྐྱེད་ཀྱིས། རཱ་ཡུ་གཉིས་བར་བདེ་སྲུང་ས་སྟོང་ཞིག་འཇོག་རྒྱུར་འབད་པ་བྱེད་བཞིན་པ་བཤད། ས་སྟོང་ཞེས་པ་ནི་ས་ཆ་སྟོང་པའི་དོན་མ་ཡིན་པར། རཱ་དམག་གིས་ཡུ་ཁུ་རན་གྱི་མངའ་སྡེ་གཞན་དག་གི་ས་འཕྲོག་རྒྱུ་ཡིན་ཞེས་པ་དེ་རེད། ཁོས། གལ་སྲིད་དམིགས་བསལ་དམག་དོན་བྱ་འགུལ་གྱི་དམིགས་ཡུལ། གྲོས་མོལ་གྱི་ལམ་ནས་སྒྲུབ་མ་ཐུབ་ཚེ། དྲག་པོའི་ལམ་ནས་བསྒྲུབ་རྒྱུ་ཡིན་ཞེས་ཡང་བསྐྱར་བཤད།

•. ཡིན་ན་ཡང་ཡུ་ཁུ་རན་གྱི་དམག་དཔུང་གིས། རཱ་དམག་གིས་རྫ་པུ་རི་ཆི་ས་ཁུལ་གྱི་ཧུ་ལ་ཕོ་ལེ་གྲོང་བརྡལ་དང་། རྡོ་ཉད་སི་ཀི་ས་ཁུལ་གྱི་མེར་ནེ་གྷི་ར་ཀྲི་གྲོང་བརྡལ་འཕྲོག་ཟིན་པ་བཤད་པ་ནི་རྫུན་རེད། ཡུ་དམག་གིས་མུ་མཐུད་དུ་འདིར་འཐབ་བཞིན་ཡོད་ཅེས་བསྒྲགས། ཧེ་ལ་ཕོ་ལེ་ཞེས་པ་ནི་ཉེ་དུས་རཱ་དམག་གིས། ཡུ་དམག་གི་གཡུལ་སའི་བཀོད་འདོམ་ཁང་འཛིན་ས་དེ་རེད། དེ་བཞིན་ཕོ་ཁི་རོ་ཝི་སི་ཀི་གྲོང་བརྡལ་གྱི་བྱང་ཕྱོགས་སྔར་བཞིན་ཡུ་དམག་གིས་བཟུང་ཡོད་པ་བསྒྲགས།

•. ཡུ་དམག་གིས། རྡོ་ཉད་སི་ཀི་ས་ཁུལ་དུ་རཱ་དམག་མང་པོ་མཉམ་དུ་འདུས་ཡོད་པ་ཞིག་གི་སྟེང་མཁའ་ཐོག་ནས་གཏོར་རྒོལ་ཁྲོད། རཱ་དམག་ 51 སྡེབ་གསོད་དང་རཱ་དམག་གཞན་ 74 རྨས་ཟིན་པ་བཤད། གཞན་ཡང་ཡུ་དམག་གིས། རཱ་ཤི་ཡའི་སེ་ཛི་རན་ས་ཁུལ་གྱི་རྡོ་སྣུམ་བཟོ་གྲྭ་ཞིག་(Snpz Rosneft)དང་། ཁི་རཱ་མེ་ཡར་ཡོད་པའི་རཱ་དམག་གི་གནམ་སྲུང་འོད་རླབས་མ་ལག་བཅས། དམག་དོན་ཡོ་ཆས་གལ་ཆེན་འགའི་སྟེང་གཏོར་རྒོལ་བྱས་ཟིན་པ་བཤད།

•. བདུན་ཕྲག་སྔོན་མར་རཱ་དམག་གིས། ཡུ་ཁུ་རན་གྱི་རྒྱལ་ས་ཁེ་ཝུ་ལ་སྒྲི་རོན་དང་འཕུར་མདས་གཏོར་རྒོལ་གྱིས། རྒྱལ་སའི་ཆ་ཤས་ཆེན་པོ་ཞིག་གློག་བཅད་ཟིན་པ་ལྟར། ད་ལྟ་རྒྱལ་སའི་མངའ་ཁུལ་གྱི་གློག་ཡོངས་སུ་བསྐྱར་གསོ་ཐུབ་ཡོད་ཅེས་ཡུ་ཁུ་རན་གྱིས་བསྒྲགས། མི་སེར་གྱི་སྡོད་གནས་ལ་ཆེད་དུ་གཏོར་རྒོལ་བྱས་ཤིང་། ཕུ་ཀྲན་གྱིས་ཡུ་ཁུ་རན་གྱི་མི་སེར་དག་ལ། དགུན་དུས་དང་བསྟུན་ཆེད་དུ་འཇིགས་སྐུལ་གྱིས།ཁོའི་ཆ་རྐྱེན་འོག་དམག་འཁྲུག་མཚམས་འཇོག་རྒྱུར། ཡུ་ཁུ་རན་གྱི་གཞུང་ལ་མི་དམངས་ཀྱིས་གནོན་ཤུགས་ཆེ་རུ་འགྲོ་རྒྱུའི་ཐབས་བྱུས་བཟུང་ཡོད་པ་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱེད།

•. སླར་ཡང་ཡུ་ཁུ་རན་གྱི་ལྐོག་ཟར་ཞིབ་འཇུག་བྱེད་མཁན་གྱི་ཚོགས་པ་ནཱ་བྷུ་(NABU)ཡིས། མཐོ་རིམ་ཆབ་སྲིད་པའི་ཁྲོད་ཀྱི་ལྐོག་ཟའི་བརྒྱུད་ལམ་ཞིག་ཕྱིར་བཏོན། དེའི་ཁྲོད་ཛེ་ལན་སི་ཀེ་ཡི་གྲོགས་པོ་རྙིང་པ་ཞིག་གཙོས། ལས་ཐོག་གྲོས་ཚོགས་འཐུས་མི་འགའ་ཚུད་ཡོད་པའི་གནས་ཚུལ་ཐོན། ཞིབ་འཇུག་ཚོགས་པ་འདིས། ཁོ་ཚོའི་རང་དབང་ཞིབ་འཇུག་ལ་གཞུང་གིས་འགལ་རྐྱེན་བཟོ་བཞིན་པ་བསྒྲགས། ཉེ་དུས་ཛེ་ལན་སི་ཀེའི་མཐའ་འཁོར་དུ་ལྐོག་ཟའི་གནད་དོན་ཆེན་པོ་ཞིག་ལྷག་ཅིང་། དེས་ཆབ་སྲིད་ཀྱི་ཆ་ནས་ཁོ་ལ་གནོད་པ་ཚབས་ཆེན་བསྐྱལ་ཅིང་།སྒྲོ་ནལ་ཁྲི་རམ་ཕུ་དང་ཕུ་ཀྲན་གཉིས་ཀྱིས་ཀྱང་གནད་དོན་འདི་གང་ཐུབ་བེད་སྤྱོད་བྱས།

•. ཁ་སང་ཡུ་ཁུ་རན་གྱི་སྲིད་འཛིན་ཛེ་ལན་སི་ཀེ་ཨ་རིར་འགྲོ་བའི་ལམ་ཀར། ཁེ་ན་ཀྲར་ཕྱིན་ཅིང་ཁེ་ན་ཀྲའི་སྲིད་བློན་མར་ཁི་ཀར་ནེ་དང་ལྷན་ཐུག་ཅིང་། ཁེ་ན་ཀྲའི་ངོས་ནས་ཡུ་ཁུ་རན་ལ་རོགས་སྐྱོར་ཨ་སྒོར་ཐེར་འབུམ་ $2.5 སྤྲད་རྒྱུ་ཡིན་པ་བསྒྲགས། འདི་ནི་ཁེ་ན་ཀྲས་ཡུ་ཁུ་རན་ལ་རོགས་སྐྱོར་སྤྲད་པ་ཆེ་ཤོས་ཤིག་ཏུ་གྱུར།

•. རཱ་ཤི་ཡའི་ཕྱི་སྲིད་བློན་ཆེན་སར་གྷེ་ལ་ཝོ་རོ་ཡིས། སྒྲོ་ནལ་ཁྲི་རམ་ཕུའི་འབད་བརྩོན་ལ་ཐུགས་རྗེ་ཆེ་ཞུ། ཡིན་ན་ཡང་། ཡུ་རོབ་དང་ཡུ་ཁུ་རན་གྱི་ངོས་ནས། དམག་འཁྲུག་འདི་མཚམས་འཇོག་ཐབས་ཐད་ཨ་རི་དང་། རཱ་ཤི་ཡས་འབད་པ་བྱེད་བཞིན་པ་ཚང་མ་འགོག་ཐབས་བྱེད་བཞིན་འདུག་ཅེས། ཡུ་རོབ་ཀྱིས་ཡུ་ཁུ་རན་ལ་གོ་ལག་དང་དངུལ་སྒོར་བཏང་བར་སྐྱོན་བརྗོད་དྲག་པོ་བྱས། དོན་དངོས་སུ་དངུལ་སྒོར་ཡུ་རོབ་ཀྱིས་གཏོང་བཞིན་ནའང་། གོ་ལག་ཨ་རིའི་ཡིན་པས་རཱ་དམག་གསོད་བྱེད་ཀྱི་གོ་ལག་དག་ནི་ཨ་རིའི་གོ་ལག་རེད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག