ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས་ཡི་གེ་ཞིག་སྤེལ་བའི་སྙིང་པོར། ཁོ་དང་རྒྱ་གར་གྱི་སྲིད་བློན་མོ་དྷི་གཉིས་ཁ་པར་བརྒྱུད་གྲོས་མོལ་བྱས་ཟིན་པ་དང་། རྒྱ་གར་གྱིས་རཱ་ཤི་ཡ་ནས་རྡོ་སྣུམ་ཉོ་མཚམས་འཇོག་རྒྱུ་དང་། ཨ་རི་དང་གཅིག་བྱས་ན་ཝེ་ནེ་ཛོ་ལ་ནས་རྡོ་སྣུམ་མང་བ་ཉོ་རྒྱུ་ཁས་བླངས་སོང་ཞེས་བཤད།
ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས་ཡི་གེ་ཞིག་སྤེལ་བའི་སྙིང་པོར། ཁོ་དང་རྒྱ་གར་གྱི་སྲིད་བློན་མོ་དྷི་གཉིས་ཁ་པར་བརྒྱུད་གྲོས་མོལ་བྱས་ཟིན་པ་དང་། རྒྱ་གར་གྱིས་རཱ་ཤི་ཡ་ནས་རྡོ་སྣུམ་ཉོ་མཚམས་འཇོག་རྒྱུ་དང་། ཨ་རི་དང་གཅིག་བྱས་ན་ཝེ་ནེ་ཛོ་ལ་ནས་རྡོ་སྣུམ་མང་བ་ཉོ་རྒྱུ་ཁས་བླངས་སོང་། ཁས་ལེན་འདིས་བདུན་ཕྲག་རེར་མི་སྟོང་ཕྲག་གསོད་བཞིན་པའི་དམག་འཁྲུག་འདི་མཚམས་འཇོག་རྒྱུར་ཕན། དེ་བཞིན་རྒྱ་གར་དང་ཨ་རིའི་བར་ཚོང་འབྲེལ་གྱི་གྲོས་མཐུན་ཞིག་འཇོག་རྒྱུར་གྲོས་མཐུན་བྱུང་སོང་།
དེ་བཞིན་རྒྱ་གར་གྱིས་ཨ་རི་ནས་འཕྲུལ་རིག་དང་ནུས་པ། ཞིང་ལས་ཐོན་རྫས། རྡོ་སོལ་སོགས་ཨ་སྒོར་ཐེར་འབུམ་ $500 ཡི་རིན་ཐང་ཉོ་རྒྱུ་དང་། ཚོང་འབྲེལ་ཁྲོད་ཀྱི་ཚད་བཀག་(ཁྲིམས་ཐོག་གི་དཀའ་ངལ་)དག་སེལ་རྒྱུ་ཁས་བླངས་སོང་བས། ཨ་རིས་རྒྱ་གར་གྱི་སྟེང་བཀལ་བའི་སྒོ་ཁྲལ་དེ་བརྒྱ་ཆ་ 18% བར་མར་བསྙུང་རྒྱུ་ཡིན་ཞེས་བསྒྲགས། ཨ་རིས་སྔར་རྒྱ་གར་གྱི་ཚོང་ཟོག་སྟེང་སྒོ་ཁྲལ་བརྒྱ་ཆ་ 25% བཀལ་ཡོད་པའི་སྟེང་། རྗེས་སུ་རྒྱ་གར་གྱིས་རཱ་ཤི་ཡའི་རྡོ་སྣུམ་ཉོ་བཞིན་པ་རྒྱུ་མཚན་དུ་བགྲངས་ནས། སླར་ཡང་སྒོ་ཁྲལ་བརྒྱ་ཆ་ 25% བཅས། ཁྱོན་རྒྱ་གར་གྱི་སྟེང་ཨ་རིས་སྒོ་ཁྲལ་བརྒྱ་ཆ་ 50% བཀལ་ཟིན།
རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས། སྒྲོ་ནལ་ཁྲི་རམ་ཕུས་རྒྱ་གར་གྱི་སྟེང་བཀལ་བའི་སྒོ་ཁྲལ་དེ་བརྒྱ་ཆ་ 18% བར་བཅག་པར། རྒྱ་གར་མི་དམངས་ཐེར་འབུམ་ 1.4 ཚབ་ཞུས་ཏེ་ཧ་ཅང་ཐུགས་རྗེ་ཆེ་ཞུ། དཔལ་འབྱོར་ཆེན་པོ་གཉིས་དང་། འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་གཉིས་ཀྱིས་མཉམ་ལས་བྱེད་དུས། ང་ཚོའི་མི་དམངས་ལ་ཕན་ཞིང་གོ་སྐབས་ཧ་ཅང་ཆེན་པོ་ཞིག་བསྐྲུན་ངེས་ཡིན། སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུའི་དབུ་ཁྲིད་དེ། རྒྱལ་སྤྱིའི་ཞི་བདེ་དང་བརྟན་ལྷིང་། དཔལ་འབྱོར་ཡར་རྒྱས་བཅས་ལ་ཤིན་ཏུ་གལ་ཆེ་ཞེས་བྲིས།
དེ་ལྟར་ན་ཨ་རིས་རྒྱ་གར་གྱི་སྟེང་ནས་སྒོ་ཁྲལ་བསྙུང་རྒྱུ་གྲོས་མཐུན་ཟིན་པ་ཕྱོགས་གཉིས་ཀྱིས་བསྒྲགས། ཡིན་ན་ཡང་། རྒྱ་གར་གྱིས་རཱ་ཤི་ཡ་ནས་རྡོ་སྣུམ་ཉོ་རྒྱུ་མཚམས་འཇོག་རྒྱུར་ཁས་བླངས་ཡོད་མེད་ཐད། སྲིད་བློན་མོ་དྷི་ཡིས་གང་ཡང་མ་བསྒྲགས་ཤིང་། ལྷག་པར་ལག་ལེན་ཁྲོད་འདི་ཉིད་ཇི་ལྟར་ལག་བསྟར་བྱ་རྒྱུའི་སྐོར་སོགས་ཞིབ་ཕྲ་མི་གསལ།
ཨ་རི་དང་རྒྱ་གར་བར་ཚོང་འབྲེལ་བསྐྱར་བཅོས་ཀྱི་གྲོས་མཐུན་འཇོག་རྒྱུའི་གནས་ཚུལ་འདི་ཐོན་པས། དེ་རིང་གཟའ་མིག་དམར་ཉིན་ནས་ཧིན་སྒོར་གྱི་རིན་ཐང་དང་། རྒྱ་གར་གྱི་མ་རྐང་ཁྲོམ་རའི་རིན་ཐང་ཤུགས་ཆེན་ཡར་འཕར་རྒྱུ་ཡིན་པ། རྒྱ་གར་གྱི་དབྱེ་ཞིབ་པ་ཚོས་སྔོན་དཔག་བྱེད་བཞིན་པའི་མཚམས།
