Homeའཕྲོད་བསྟེན།རྒྱ་གར་དུ་ནེ་པཱ་ནད་འབུ་འགོས་པ་གཉིས་ཐོན།

རྒྱ་གར་དུ་ནེ་པཱ་ནད་འབུ་འགོས་པ་གཉིས་ཐོན།

Date:

རྒྱ་གར་འཕྲོད་བསྟེན་ལྷན་ཁང་གིས། ཟླ་བ་སྔོན་མའི་མཇུག་ཏུ་རྒྱ་གར་གྱི་ནུབ་སྦང་གྷལ་མངའ་སྡེ་རུ། ནེ་པཱ་ནད་འབུ་(Nipah Virus)འགོས་པའི་མི་ 2 བྱུང་ཟིན་པ་བསྒྲགས།

ཁ་སང་རྒྱ་གར་འཕྲོད་བསྟེན་ལྷན་ཁང་གིས། ཟླ་བ་སྔོན་མའི་མཇུག་ཏུ་རྒྱ་གར་གྱི་ནུབ་སྦང་གྷལ་མངའ་སྡེ་རུ། ནེ་པཱ་ནད་འབུ་(Nipah Virus)འགོས་པའི་མི་ 2 བྱུང་ཟིན་པ་དང་། མི་དེ་གཉིས་གསོ་རིག་ལས་བྱེད་ཡིན་པ་ལ་ད་ལྟ་ས་གནས་ཀྱི་སྨན་ཁང་དུ་ཡོད་པ་དང་། དེའི་རྗེས་སུ་མི་འདི་གཉིས་དང་འབྲེལ་བ་བྱུང་བའི་མི་ 196 ལ་གཞུང་གིས་བརྟག་དཔྱད་བྱས་པར་ནད་རྟགས་གང་ཡང་མ་ཐོན་པ་དང་། དེ་དག་ལ་ནད་ཚ་འདི་མེད་པ་བཤད། གསལ་བཤད་འདི་བྱེད་དགོས་དོན་ནི། ནད་འབུ་འདི་དང་འབྲེལ་གནས་ཚུལ་བདེན་པ་མ་ཡིན་པ་དང་། དོགས་པ་མང་པོ་དྲྭ་ལམ་དུ་ཁྱབ་བཞིན་པས་ཡིན་པ་དང་། གཞུང་གིས་དུས་ལྟར་ནད་འབུ་འདི་ངོས་འཛིན་གྱིས་སྟངས་འཛིན་བྱས་ཟིན་པ་བསྒྲགས།

ཡིན་ན་ཡང་། དེ་རིང་སིང་གྷ་པུར་གྱི་གནམ་ཐང་དུ་ཚ་བ་བརྟག་བྱེད་བཞག་ཅིང་། ནད་འབུ་འདི་འགོས་པའི་རྒྱ་གར་ས་གནས་ནས་ཡོང་བའི་མི་དག་གི་ཚ་བ་བརྟག་དཔྱད་བྱ་རྒྱུ་ཡིན་པའི་གནས་ཚུལ་ཐོན། དེ་བཞིན་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་དག་ནས་ཡོང་མཁན་ཚོར་བརྟག་དཔྱད་བྱ་རྒྱུ་ཡིན་པ་སིང་གྷ་པུར་གྱིས་བསྒྲགས། ཧོང་ཀོང་གནམ་ཐང་ཞིག་གིས་ཀྱང་དེ་ལྟར་བརྟག་དཔྱད་འཕྲུལ་ཆས་འཇོག་བཞིན་པ་བཤད། གཞན་ཡང་ཐེ་ལན་དང་མཱ་ལེ་ཤི་ཡ་གཉིས་ཀྱིས་ཀྱང་ཕྱི་ནས་ཡོང་མཁན་དག་ལ་བརྟག་དཔྱད་བྱེད་འགོ་བཙུགས་ཟིན་པའི་གནས་ཚུལ་ཐོན། རྒྱ་ནག་གཞུང་གིས་ཁ་སང་། ད་ལྟ་བར་རྒྱལ་ནང་དུ་ནད་འབུ་འདི་འགོས་ཡོད་པའི་གནས་ཚུལ་མ་བྱུང་ཞེས་བསྒྲགས།

ནེ་པཱ་ནད་འབུ་ཞེས་པ་འདི་ཐོག་མར། ཕྱི་ལོ་ 1998 ལོར་མཱ་ལེ་ཤི་ཡ་དང་། སིང་གྷ་པུར་སོགས་སུ་ཁྱབ་བཞིན་པ་ངོས་འཛིན་ཐུབ་ཟིན་པ་དང་། ཚན་རིག་པ་ཚོས་ནད་འབུ་འདི་ཕ་ཝང་རིགས་(Fruit bat)ཀྱི་ལུས་སྟེང་དུ། ལོ་ངོ་སྟོང་ཕྲག་གི་སྔོན་ནས་ཡོད་པ་ཞིག་ཡིན་པ་ལ། དེའི་རྗེས་སུ་མི་དང་ཕག་སོགས་ཀྱི་ལུས་སྟེང་ལ་འགོས་ཡིན་པ་ཡིད་ཆེས་བྱེད། རྒྱ་གར་དུ་ནད་འབུ་འདི་མི་ལ་འགོས་པའི་གནས་ཚུལ་སྐབས་རེར་འབྱུང་བཞིན་པ་དང་། ལྷག་པར་ཕྱི་ལོ་ 2018 ལོར་ལྷོ་ཕྱོགས་ཀྱི་ཀེ་ར་ལ་མངའ་སྡེར་མི་འགའ་རྐྱེན་འདས་སུ་ཕྱིན་པས། ནད་འབུ་འདི་དང་འབྲེལ་མངའ་སྡེ་འདི་ནི་ཉེན་ཁ་ཆེ་ཤོས་སུ་བརྩི།

ད་ལྟ་ནད་འབུ་འདིར་ཏོག་ནད་ལྟར་དུས་ཐུང་ནང་ཤུགས་ཆེན་ཁྱབ་ཐུབ་པའི་ནུས་པ་མེད་ཀྱང་། ནད་འབུའི་ངོ་བོར་འགྱུར་ལྡོག་གིས་མགྱོགས་པོར་ཁྱབ་སྲིད་པར་གསོ་རིག་མཁས་པ་ཚོས་སེམས་ཁྲལ་བྱེད་བཞིན་པ་བཤད་ཅིང་། ནད་འབུ་འདི་འགོས་ཟིན་པའི་ནད་པའི་འཆི་གྲངས་དེ་བརྒྱ་ཆ་ 40% ནས་ 70% བར་ཡིན་པས། ཉེན་ཁ་ཧ་ཅང་ཆེ་བའི་ནད་འབུའི་ཁོངས་སུ་རྩི་བཞིན་པ་དང་། ད་ལྟ་བར་ནད་འབུ་འདིའི་ཆེད་བཟོ་བཞིན་པའི་སྔོན་འགོག་ཁབ་དག་ནི་ཚོད་ལྟའི་རིམ་པར་ཡོད་པས། དོན་དངོས་སུ་ནད་འབུ་འདི་ལ་བཅོས་ཐབས་དངོས་ཤིག་ད་ལྟ་མེད་པ་གསལ།
གཙོ་བོ་མཆིལ་མ་སོགས་གཟུགས་པོའི་གཤེར་ཁུ་དང་། གློད་རྒྱག་པ། ནད་འབུ་འདི་ཡོད་མཁན་དག་གི་ཐག་ཉེར་བཅར་བ་སོགས་ནས་འགོ་བཞིན་པ་གསལ།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག