Homeདཔལ་འབྱོར།རྒྱ་ནག་གི་ཐོན་སྐྲུན་ཚད་ཡར་འཕར་མ་ཐུབ་པ། 

རྒྱ་ནག་གི་ཐོན་སྐྲུན་ཚད་ཡར་འཕར་མ་ཐུབ་པ། 

Date:

རྒྱ་ནག་གི་དཔལ་འབྱོར་སྙན་ཐོ་གསར་བ་ཕྱིར་ཐོན་པ་ལྟར་ན། ད་ལོའི་ཕྱི་ཟླ་ 10 ནང་རྒྱ་ནག་གི་བཟོ་གྲྭ་དག་གིས་བཟོས་པའི་ཐོན་རྫས་ཚད་དང་། ཐོན་ཟོག་དང་ཞབས་ཞུ་ཁྲོམ་རར་བཙོང་བའི་ཚད་དེ་སླར་ཡང་འདས་པའི་ལོ་ 1 རིང་གི་ཚད་གཞི་དམའ་ཤོས་དེར་ལྷུང་།

བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན། རྒྱ་ནག་གི་དཔལ་འབྱོར་སྙན་ཐོ་གསར་བ་ཕྱིར་ཐོན་པ་ལྟར་ན། ད་ལོའི་ཕྱི་ཟླ་ 10 ནང་རྒྱ་ནག་གི་བཟོ་གྲྭ་དག་གིས་བཟོས་པའི་ཐོན་རྫས་ཚད་དང་། ཐོན་ཟོག་དང་ཞབས་ཞུ་ཁྲོམ་རར་བཙོང་བའི་ཚད་དེ་སླར་ཡང་འདས་པའི་ལོ་ 1 རིང་གི་ཚད་གཞི་དམའ་ཤོས་དེར་ལྷུང་། དེའི་དོན་ནི་རྒྱལ་ནང་གི་འཛད་སྤྱོད་པས། མུ་མཐུད་དུ་ཁྲོམ་རར་དངུལ་སྒོར་གཏོང་རྒྱུའི་ཚད་དེ་དམའ་བས། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་སྤྱི་ལ་ཤུགས་རྐྱེན་ངན་པ་ཐེབས་བཞིན་པ་དེ་རེད། ཚོང་ཟོག་ཕྱིར་འཚོང་ལ་ཤུགས་ཆེན་བརྟེན་ཡོད་པའི་རྒྱ་ནག་གི་དཔལ་འབྱོར་གྱི་ཚད་དེ། ཨ་སྒོར་ཁྲག་ཁྲིག་ཆེན་མོ་ $19 སྟེ་འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་གཉིས་པ་དེ་ཡིན།

ཡིན་ན་ཡང་། ལོ་འདིར་ཨ་རི་དང་ལྷན་བྱུང་བའི་ཚོང་འབྲེལ་འཐབ་རྩོད་དང་། རྒྱལ་སྤྱིའི་གནས་སྟངས་བརྟན་པོ་མེད་པའི་རྐྱེན་གྱིས། རྒྱ་ནག་གི་མི་མང་པོས་ཁྲོམ་རར་དངུལ་སྒོར་གཏོང་རྒྱུ་ཧ་ཅང་འཛེམས་བཞིན་པ་གསལ། ཞེ་ཅེན་ཕིན་གྱིས། རྒྱ་ནག་གི་དཔལ་འབྱོར་དེ་ཕྱི་རྒྱལ་གྱི་ཁྲོམ་རར་ཤུགས་ཆེན་བརྟེན་ཡོད་པའི་སྣང་ཚུལ་དེར་བསྒྱུར་བཅོས་ཀྱིས གཙོ་བོ་རྒྱལ་ནང་གི་འཛད་སྤྱོད་ལ་བརྟེན་རྒྱུའི་སྲིད་བྱུས་གསར་བ་ཞིག་བཟུང་ཞིང་། དེའི་ཆེད་དབུས་དངུལ་ཁང་གིས་བུན་སྐྱེད་མར་བཅག་པ་དང་། ཚོང་ལས་དག་ལ་རོགས་སྐྱོར་སོགས་ཅ་དངོས་ཀྱི་གོང་ཚད་བདེ་བོ་དང་། ཉོ་མཁན་ཚོས་ཉོ་བདེ་བ་བཟོ་རྒྱུར་འབད་པ་བྱས།

ཡིན་ན་ཡང་། འབྱུང་སྲིད་པའི་དཀའ་ངལ་ལ་བློ་དོགས་དང་། དེར་གྲ་སྒྲིག་ཆེད་དངུལ་སྒོར་གསོག་འཇོག་ལས། ཁྲོམ་རར་མི་གཏོང་རྒྱུ་ནི་རྒྱ་ནག་གི་མི་ཚོའི་ཁྲོད་རིག་གཞུང་ལྟ་བུ་གྱུར་ཡོད་པས། གཞུང་གི་སྲིད་བྱུས་མང་པོར་གྲུབ་འབྲས་ཆེན་པོ་མ་ཐོན། དཀའ་ངལ་གཙོ་བོ་དག་བྱེ་བྲག་ཏུ་ཕྱེས་ན། སྔར་བཞིན་བཟོ་གྲྭའི་ཐོན་སྐྲུན་ཚད་དང་། ཁྲོམ་རའི་དགོས་མཁོ་གཉིས་དོད་མ་མཉམ་པ། ས་ཁང་ཁེ་གཉེར་གྱི་དཀའ་ངལ་སྔར་བཞིན་ཡོད་པའི་སྟེང་། སྡོད་ཁང་ཉོ་བའི་ཚད་མུ་མཐུད་དུ་མར་ལྷུང་བཞིན་པ།

ས་གནས་གཞུང་དག་གིས་དབུས་གཞུང་གི་སྲིད་བྱུས་ལག་བསྟར་གཙོ་འཛིན་གྱི་འོག ས་གནས་དག་ཏུ་འཛུགས་སྐྲུན་དང་། ས་གནས་ཁེ་གཉེར་དག་ལ་མཐུན་འགྱུར་ཆེད་བུ་ལོན་མང་པོ་བསགས་པས། ས་གནས་གཞུང་དག་བུ་ལོན་གྱི་ཁྲོད་ནས་ཐར་གྱི་མེད་པ་བཅས་ཡིན་པ་དང་། དེ་བཞིན་རླངས་འཁོར་འཚོང་བའི་ཚད་ཀྱང་མར་ཟག་ཡོད་པ་གསལ། དབུས་གཞུང་གིས་གཏིང་ཟབ་པའི་དཀའ་ངལ་འདི་དག་སེལ་བར། བཅོས་སྒྱུར་ཆེན་པོ་ཞིག་བྱ་དགོས་པ་ལ་དེར་ཆབ་སྲིད་ཀྱི་ཉེན་ཁ་ཆེ་བ་དབྱེ་ཞིབ་པ་ཚོས་བཤད། དེ་བཞིན་ལོ་རྗེས་མར་དམར་ཤོག་ཚོགས་པས། འབྱུང་འགྱུར་ལོ་ལྔའི་དཔལ་འབྱོར་འཆར་གཞིའང་བཟོས་ནས་ཆོག་མཆན་སྤྲོད་དགོས་པ་ཡིན།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག