Homeརྒྱལ་སྤྱི།ཨ་མེ་རི་ཀསོ་ཐེའི་རྒྱལ་སྲས་ཨ་རིར་སླེབས།

སོ་ཐེའི་རྒྱལ་སྲས་ཨ་རིར་སླེབས།

Date:

སོ་ཐེ་ཨ་རབ་བྷེ་ཡའི་རྒྱལ་སྲས་ཀྱིས། འབྱུང་འགྱུར་རྒྱལ་ཁབ་འདིས་བཅོས་མའི་རིག་པ་དང་འཕྲུལ་རིགས་སོགས་དང་འབྲེལ། ཨ་རིའི་རྒྱལ་ནང་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ $1 མ་ཟིན་ཙམ་གྱི་མ་རྐང་འཇོག་རྒྱུ་ཡིན་པ་བཤད།

ཁ་སང་སོ་ཐེ་ཨ་རབ་བྷེ་ཡ་རྒྱལ་ཁབ་ཀྱི་རྒྱལ་སྲས། མོ་ཧམ་མེ་རྡི་ བྷེན་ སལ་མན་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་འབྱོར་ཞིང་། སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཕོ་བྲང་དཀར་པོའི་ནང་དུ་ཐུག དགོང་དྲོའི་གསོལ་ཚིགས་སྐབས། འབྱོར་ལྡན་ཨེ་ལོན་མ་སི་ཁིའང་དེར་ཞུགས། འདི་ནི་ད་ལོར་སྒྲོ་ནལ་ཁྲི་རམ་ཕུ་དང་ཨེ་ལོན་མ་སི་ཁིའི་བར་འགལ་ཟླ་ཤོར་རྗེས། ཁོ་གཉིས་སྟེགས་བུ་གཅིག་གི་སྟེང་དུ་འཛོམས་པ་ཐེངས་གཉིས་པ་དེ་གྱུར། གཞན་ཡང་འཛམ་གླིང་གི་རྐང་རྩེད་སྤོ་ལོ་རྩེད་མཁན་གྲགས་ཅན་རོ་ནལ་སྒྲོ་(Ronaldo)ཡང་ཞུགས། སྒྲོ་ནལ་ཁྲི་རམ་ཕུས། ཁོའི་བུ་ཆུང་བ་རོ་ནལ་སྒྲོ་ལ་དགའ་བོ་ཡོད་པ་བཤད།

ད་ལོར་སྒྲོ་ནལ་ཁྲི་རམ་ཕུ་དཀྱིལ་ཤར་དུ་སྐོར་བསྐྱོད་སྐབས། ཐོག་མར་སོ་ཐེ་ཨ་རབ་བྷེ་ཡར་ཕྱིན་ཅིང་། སྐབས་དེར་སོ་ཐེ་ཨ་རབ་བྷེ་ཡ་རྒྱལ་ཁབ་ཀྱིས། ཨ་རིའི་རྒྱལ་ནང་ལ་འབྱུང་འགྱུར་ཨ་སྒོར་ཐེར་འབུམ་ $600 ཡིས་མ་རྐང་འཇོག་རྒྱུ་བྱས། ཐེངས་འདིར་རྒྱལ་སྲས་ཀྱིས།འབྱུང་འགྱུར་རྒྱལ་ཁབ་འདིས་བཅོས་མའི་རིག་པ་དང་འཕྲུལ་རིགས་སོགས་དང་འབྲེལ། ཨ་རིའི་རྒྱལ་ནང་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ $1 མ་ཟིན་ཙམ་གྱིས་མ་རྐང་འཇོག་རྒྱུ་ཡིན་པ་བཤད། དེ་བཞིན་ཨ་རིས་རྒྱལ་ཁབ་འདི་ལ་དེང་རབས་འཐབ་འཛིང་གནམ་གྲུ་ F-35 འཚོང་འཆར་ཡོད་པ་མ་ཟད། ལྕགས་ཁྲབ་འཁོར་ལོ་གྲངས་ 300 མ་ཟིན་ཙམ་འཚོང་རྒྱུ་ཡིན་པ་ཕོ་བྲང་དཀར་པོས་བཤད།

སོ་ཐེ་ཨ་རབ་བྷེ་ཡ་རྒྱལ་ཁབ་ནི་རྡོ་སྣུམ་གྱིས་ཕྱུག་པའི་རྒྱལ་ཁབ་ཅིག་ཡིན་ནའང་། རྒྱལ་སྤྱིའི་རྡོ་སྣུམ་གྱི་ཁྲོམ་རར་ངེས་གཏན་མེད་པས། རྒྱལ་ཁབ་ཀྱི་དཔལ་འབྱོར་ཐོན་ཁུངས་དེ་འཕྲུལ་རིག་དང་། རྩེད་རིགས། ཡུལ་སྐོར་སོགས་སྣ་མང་ཅན་དུ་བསྒྱུར་རྒྱུ་དེ་རྒྱལ་སྲས་ཁོའི་འཆར་གཞི་གཙོ་བོ་ཞིག་ཡིན་པ་གསལ། ཨ་རི་དང་སོ་ཐེ་ཨ་རབ་བྷེ་ཡ་གཉིས་ཀྱི་འབྲེལ་བའི་ཁྲོད་ཀྱི་དཀའ་ངལ་གཙོ་བོ་ཞིག་ནི། སོ་ཐེ་ཨ་རབ་བྷེ་ཡའི་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱུར་ཡོད་ཅིང་། ལྷག་པར་ཕྱི་ལོ་ 2018 ལོར་ཏུར་ཀེའི་གྲོང་ཁྱེར་ཨེ་སི་ཏམ་བྷུལ་དུ་ལྐོག་གསོད་ཐེབས་ཟིན་པ། སོ་ཐེ་ཨ་རབ་བྷེ་ཡའི་གསར་འགོད་པ་གྲགས་ཅན་ཇ་མལ་ཁཱ་ཤོ་གྷེ་(Jamal Khashoggi)ཡི་གནད་དོན་དེ་གྱུར།

འདིའི་རྒྱབ་ཏུ་སོ་ཐེ་ཨ་རབ་བྷེ་ཡའི་རྒྱལ་སྲས་རང་ཉིད་ཡོད་པ། ཨ་རིའི་གསང་ལས་ཀྱིས་སྔར་བཤད་ཟིན་པ་དང་། ཐེངས་འདིར་འདིའི་སྐོར་དྲི་བ་སླེབས་པར། སྒྲོ་ནལ་ཁྲི་རམ་ཕུས་གསར་ཁང་ལ་ཁ་རྡུང་དང་བཅས། མི་མང་པོ་ཁོ་(ལྐོག་གསོད་ཐེབས་ཟིན་པའི་གསར་འགོད་པ།)ལ་དགའ་ཡོད་པ་མ་རེད་ཅེས་བཤད་ནས་ཁ་བཀག སོ་ཐེ་ཨ་རབ་བྷེ་ཡ་ནི་དཀྱིལ་ཤར་གྱི་ཨ་རིའི་མཐུན་གྲོགས་གལ་ཆེན་ཞིག་ཡིན་པ་དང་། ལྷག་པར་ཨེ་ཛི་རལ་དང་ཁ་ཆེ་རྒྱལ་ཁབ་གཞན་དག་བར་འབྲེལ་བ་རྒྱུན་ལྡན་ཅན་དུ་བཟོ་འདོད་མཁན་སྒྲོ་ནལ་ཁྲི་རམ་ཕུ་ལ། སོ་ཐེ་ཨ་རབ་བྷེ་ཡ་ནི་ཧ་ཅང་གལ་ཆེ་བའི་རྒྱལ་ཁབ་ཅིག་ཏུ་གྱུར། དེ་བཞིན་ཨེ་རན་དང་དགྲ་ཁ་གཏད་དུ་ལངས་ཡོད་པའི་སོ་ཐེ་ཨ་རབ་བྷེ་ཡ་ནི། ཚོང་ལས་མ་ཟད་དེང་རབས་གོ་ལག་གི་ཐད་ནས་ཨ་རིར་ཤུགས་ཆེན་བརྟེན་ཡོད་པ་གསལ།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག