Homeརྒྱལ་སྤྱི།ཨེ་ཤ་ཡ།སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

Date:

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

ཟླ་བ་འདིའི་ཚེས་ 1 ཉིན་བཙན་བྱོལ་བོད་མི་འདུས་སྡོད་ས་ཁུལ། རྒྱ་གར་དང་བལ་ཡུལ། འབྲུག་གསུམ་གྱི་ས་ཁུལ་དག་དང་བྱང་ཨ་རི། ཡུ་རོབ་ཀྱི་ས་ཁུལདག ཐེ་ཝན་དང་ཨོ་སི་ཁྲི་ལི་ཡ། ནེའུ་ཛེ་ལན་ཀྲི་བཅས་སུ། ཕྱི་ལོ་ 2026 ལོའི་སྲིད་སྐྱོང་དང་། སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་འདེམས་རྒྱུའི་སྔོན་འགྲོའི་འོས་བསྡུ་དེ་བྱས།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་ 31,325 དང་། སྲིད་སྐྱོང་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལ་འོས་གྲངས་ 17,843 ། སྲིད་སྐྱོང་འོས་མི་ཚེ་རིང་ཕུན་ཚོགས་ལ་འོས་གྲངས་ 159 བཅས་ཐོབ།

བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་དགོངས་དོན་ལྟར་ན།སྲིད་སྐྱོང་འོས་མི་གང་ཞིག་ལ་འོས་གྲངས་བརྒྱ་ཆ་ 60% ལས་མང་བ་ཐོབ་ཚེ། དངོས་གཞིའི་འོས་བསྡུ་བརྒྱུད་མི་དགོས་པར། སྲིད་སྐྱོང་ལ་འདེམས་ཐོན་བྱུང་བར་ངོས་འཛིན་བྱ་དགོས་པས། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

ཆུ་ཚོད་ 2 ཡི་སྔོན་དུ་སྲིད་སྐྱོང་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ཡིས་རང་གི་ངོ་དེབ་སྟེང་། “ངས་ད་ལན་གྱི་སྲིད་སྐྱོང་འོས་བསྡུའི་གྲུབ་འབྲས་ལ་གུས་བརྩི་དང་དང་ལེན་ཞུ་རྒྱུ་དང་། ད་ལྟའི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་བསྐྱར་དུ་འོས་འདེམས་བྱུང་བར་སྙིང་ཐག་པ་ནས་འཚམས་འདྲི་ཞུ།” ཞེས་བྲིས།

ཐེངས་འདིར་འོས་བསྡུའི་ཆེད། ཁྱོན་དེབ་སྐྱེལ་བྱེད་མཁན་གྲངས་ 91,042 བྱུང་ཡོད་པ་ལ། དངོས་སུ་འོས་བསྡུའི་ཆ་ཤས་ལེན་མཁན་གྲངས་ 51,140 བྱུང་ཡོད་པ་དང་། དེ་ནི་དེབ་སྐྱེལ་བྱེད་མཁན་སྤྱིའི་བརྒྱ་ཆ་ 56,17 ཡིན་པ་གསལ། ཕྱི་ལོ་ 2021 ལོའི་སྲིད་སྤྱིའི་སྔོན་འགྲོའི་འོས་བསྡུ་སྐབས་ཀྱི་བརྒྱ་ཆ་76,78% དང་བསྡུར་ན། ཐེངས་འདིའི་སྔོན་འགྲོའི་སྐབས་བརྒྱ་ཆ་ 20% ཉུང་དུ་ཕྱིན་ཡོད་པ་བཤད།

ད་ལྟ་སྔོན་འགྲོའི་འོས་བསྡུ་གྲུབ་ཟིན་པ་ལ། སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་དེ། ད་ལོའི་ཕྱི་ཟླ་ 4 ཚེས་ 26 ཉིན་ཡིན་པ་གཏན་འཁེལ་དང་། དེ་རིང་གི་གསར་འགོད་ལྷན་ཚོགས་སྐབས། འོས་བསྡུའི་སྤྱི་ཁྱབ་འགན་འཛིན་གྱིས། སྔར་འོས་འཕེན་རྒྱུར་དེབ་སྐྱེལ་མ་བྱེད་མཁན་དང་གསར་དུ་རང་ལོ་ 18 ཟིན་མཁན་དག་ལ། ཟླ་བ་འདིའི་ཕྱི་ཚེས་ 15 ནས། ཕྱི་ཟླ་ 3 ཚེས་ 15 བར་དེབ་སྐྱེལ་གསར་དུ་བྱ་རྒྱུའི་གོ་སྐབས་ཡོད་པ་བསྒྲགས།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག

ན་གཞོན་ཚོར་སྤྱི་ཚོགས་དྲྭ་རྒྱ་ཚོད་འཛིན།

སྤྱི་ཚོགས་དྲྭ་རྒྱའི་སྟེང་འཁོན་སེམས་ཀྱི་སྐད་ཆ་དང་། འཁྲིག་སྤྱོད་དང་འབྲེལ་བའི་བརྙན་པར་སོགས། བྱིས་པའི་སེམས་ཁམས་འཚར་ལོང་ལ་གནོད་པ་མང་པོ་ཁྱབ་བཞིན་པས། རྒྱལ་ནང་གི་བྱིས་པ་ལོ་ན་ 16 གྱི་འོག་ཅན་དག་ལ་སྤྱི་ཚོགས་དྲྭ་རྒྱ་འགོག་རྒྱུ་ཡིན་པ་བསྒྲགས།