Homeརྒྱལ་སྤྱི།དཀྱིལ་ཤར།ཨེ་རན་གྱི་རྒྱལ་སྲས་ཀྱི་རེ་སྐུལ། 

ཨེ་རན་གྱི་རྒྱལ་སྲས་ཀྱི་རེ་སྐུལ། 

Date:

ཨ་རིར་ཡོད་པའི་ཨེ་རན་གྱི་རྒྱལ་སྲས་ཀྱིས། གཟའ་སྤེན་པ་དང་གཟའ་ཉི་མའི་ཕྱི་དྲོའི་ཆུ་ཚོད་ 6 པའི་སྟེང་། མི་དམངས་དག་སྲང་ལམ་དུ་ཐོན་ནས་ངོ་རྒོལ་བྱ་དགོས་པ་དང་། ད་ལྟ་ནི་ཕྱི་ལ་ཐོན་རྒྱུ་ཙམ་ཞིག་མ་ཡིན་པར། གྲོང་ཁྱེར་དག་གི་ལྟེ་བ་འཛིན་དགོས་པ་བཤད།

ཟླ་བ་སྔོན་མའི་ཚེས་ 28 ཉིན་ནས་ཨེ་རན་གྱི་རྒྱལ་ས་ཐེ་རན་གཙོས་ས་ཁུལ་མང་པོར་གཞུང་ལ་ངོ་རྒོལ་འགོ་བཙུགས་ཟིན་པ་ལྟར། ད་ལྟ་མུ་མཐུད་དུ་ངོ་རྒོལ་ཤུགས་ཆེ་རུ་འགྲོ་བཞིན་པ་དང་། ཨེ་རན་གྱི་མངའ་སྡེ་ 31 ཚང་མར་ཁྱབ་ཅིང་། ངོ་རྒོལ་གྱི་དམིགས་ཡུལ་དེ་དཔལ་འབྱོར་ཙམ་ལས་བརྒལ་ཅིང་། ཨེ་རན་གྱི་ད་ལྟའི་གཞུང་མེད་པ་བཟོ་རྒྱུའི་ཁ་གཡང་བསྒྲགས། ད་ལྟ་རྒྱལ་ནང་དུ་གཞུང་གིས་ཚད་ངེས་ཅན་ནས་དྲྭ་རྒྱ་བཀག་ཟིན་ནའང་། བརྙན་པར་མང་པོ་ཕྱིར་ཐོན་བཞིན་པའི་མཚམས། སྨན་པ་ཞིག་ལྟར་ན། ངོ་རྒོལ་འདིའི་ཁྲོད་ཉུང་མཐར་ད་ལྟ་བར་མི་ 200 ལས་མང་བ་བསད་ཟིན་པ་བཤད།

གཞུང་གིས་ངོ་རྒོལ་ལ་དྲག་གནོན་ཤུགས་ཆེ་རུ་བཏང་བ་དང་། ངོ་རྒོལ་བ་ཚོའི་ཁོང་ཁྲོ་ཤུགས་ཆེ་རུ་འགྲོ་བཞིན་པ་དང་། མདང་དགོང་མུ་མཐུད་དུ་ངོ་རྒོལ་བྱེད་བཞིན་པ་ལ། རྒྱལ་ས་ཐེ་རན་གྱི་ཁ་ཆེ་ལྷ་ཁང་ཆེན་མོ་ཨལ་ར་སུལ་(Al-Rasul )ཞེས་པ་མེར་བསྒྲོན་ཟིན་པའི་གནས་ཚུལ་ཐོན། ལྷ་ཁང་འདི་ནི་ཆོས་པ་ཨ་ཡ་ཏུ་ལས་བཟུང་ཡོད་པ། ད་ལྟའི་ཨེ་རན་གཞུང་གི་མཚོན་བྱེད་གལ་ཆེན་ཞིག་ཡིན་པ་བཤད། གྲོང་ཁྱེར་ཆེན་པོ་མཱ་ཤ་རྡི་ཞེས་པར། ངོ་རྒོལ་བ་ཚོས་གཞུང་གི་བརྙན་འཕྲིན་དང་། རླུང་འཕྲིན་ཁང་གཉིས་བཟུང་ཟིན་པའི་གནས་ཚུལ་ཐོན།

རྒྱལ་ཚོགས་སུ་ཡོད་པའི་ཨེ་རན་གྱི་གཞུང་ཚབ་ཆེན་མོ་དང་། ཨེ་རན་གྱི་ཕྱི་སྲིད་བློན་གཉིས་ཀྱིས། ཨ་རི་དང་ཨེ་ཛི་རལ་གཉིས་ནི་ངོ་རྒོལ་སློང་རྐྱེན་དང་། འདི་གཉིས་ཀྱིས་དྲག་ཟིང་འབྱུང་རྒྱུར་ངན་སྐུལ་བྱེད་བཞིན་པ་བཤད་ཅིང་། འདི་ནི་ཨེ་རན་གྱི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་ཏུ་གྱུར་ཡོད་པ་བསྒྲགས། ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། གལ་སྲིད་ཨེ་རན་གཞུང་གིས། ངོ་རྒོལ་བའི་སྟེང་མེ་མདའ་འཕངས་ཚེ། ང་ཚོས་ཁོ་ཚོའི་(ཨེ་རན་གྱི་དབང་འཛིན་པ་ཚོ།)སྟེང་མེ་མདའ་འཕེན་རྒྱུ་ཡིན་ཞེས་ཡང་བསྐྱར་བཤད།

ད་ལྟ་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་བསྡད་ཡོད་པའི་ཨེ་རན་གྱི་རྒྱལ་སྲས། རེ་ཛ་པ་ལ་ཝེ་ཡིས་བརྙན་ལམ་བརྒྱུད་གཏམ་བཤད་ཅིག་སྤེལ། ཁོས། ངོ་རྒོལ་འདི་ནི་རྒྱལ་ཚོང་བ་དང་ནག་ཅན་ཡིན་པའི་ད་ལྟའི་ཨེ་རན་གཞུང་ལ་བསློགས་པའི་ལན་ཞིག་ཡིན་པ་དང་། ད་ལྟ་དབང་འཛིན་པ་ཚོས་འཇིགས་སྣང་ངང་ཡིབ་ནས་ལྟ་བཞིན་ཡོད། རླངས་རྫས་དང་རྡོ་སྣུམ། འགྲིམ་འགྲུལ་སོགས་སུ་ལས་ཀ་བྱེད་མཁན་ཚོས། རྒྱལ་ཡོངས་རང་བཞིན་ཅན་གྱི་ངོ་རྒོལ་བྱ་དགོས་པ་དང་། གཞུང་གི་ཡོང་སྒོའི་འབྱུང་ཁུངས་མེད་པ་བཟོ་དགོས་པ་བསྒྲགས།

ད་དུང་ཁོས། གཟའ་སྤེན་པ་དང་གཟའ་ཉི་མའི་ཕྱི་དྲོའི་ཆུ་ཚོད་ 6 པའི་སྟེང་། མི་དམངས་དག་སྲང་ལམ་དུ་ཐོན་ནས་ངོ་རྒོལ་བྱ་དགོས་པ་དང་། ད་ལྟ་ནི་ཕྱི་ལ་ཐོན་རྒྱུ་ཙམ་ཞིག་མ་ཡིན་པར། གྲོང་ཁྱེར་དག་གི་ལྟེ་བ་འཛིན་དགོས་པ་བསྒྲགས། ད་དུང་ཁོས་དམག་དཔུང་དང་བདེ་སྲུང་རུ་ཁག་གིས་ཀྱང་གཞུང་གི་ལས་དོན་འགོག་དགོས་པའི་རེ་སྐུལ་ཞུས། ང་རང་གི་ཕ་ཡུལ་དུ་ཕྱིར་ལོག་རྒྱུར་གྲ་སྒྲིག་ཡོད། རྒྱལ་ཁའི་ཉིན་མོར་ཁྱེད་ཚོ་དང་ལྷན་མཉམ་དུ་ལངས་ངེས་ཡིན་ཞེས་བཤད།

ཐེངས་འདིའི་ངོ་རྒོལ་ཁྲོད་ཕྱི་ལོ་ 1979 ལོའི་སྲིད་འགྱུར་སྐབས།སྲིད་སྟེགས་ནས་གཡུག་ཟིན་པའི་རྒྱལ་བོའི་ཁྱིམ་ཚང་ལ་རྒྱབ་སྐྱོར་བྱེད་མཁན་ཡོད་ཀྱང་། དེའི་རྒྱ་ཆེ་ཆུང་གང་འདྲ་ཞིག་ཡིན་པ་རེ་ཞིག་མི་གསལ། ངོ་རྒོལ་བའི་ཁྲོད་ད་ལྟའི་ཨེ་རན་གྱི་དར་ཆ་མེར་བསྲེགས་དང་།རྒྱབ་ཏུ་ཉི་མ་དང་མདུན་དུ་སེང་གེ་ཞིག་གིས་དཔའ་དམ་བཟུང་ཡོད་པའི་རྒྱལ་བོའི་ཁྱིམ་ཚང་གི་སྐབས་ཀྱི་དར་ཆ་འཕྱར་བཞིན་པ་མཐོང་ཐུབ། ཕྱི་ལོ་ 1979 ལོའི་སྲིད་འགྱུར་རྗེས་རྒྱལ་ཁབ་འདི་ཁ་ཆེའི་ཆོས་དཔོན་ཚོས་བཟུང་ཞིང་། དཀྱིལ་ཤར་གྱི་ཁ་ཆེ་དྲག་དཔུང་མང་པོ་ཞིག་གི་རྒྱབ་རྟེན་ས་རུ་གྱུར།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག