ྋགོང་ས་མཆོག་ལ་རྒྱལ་སྤྱིའི་སྟེང་ཆེས་སྙན་གྲགས་ཆེ་བའི་སྒྲ་འཇུག་གྷི་རམ་མེ་(Grammy)ཡི་ངོས་འཛིན་གཟེངས་རྟགས་ཐོབ་ཟིན་པ་བསྒྲགས། རྒྱ་ནག་གཞུང་གིས་འདི་ལ་སྐྱོན་བརྗོད་དྲག་པོ་བྱས།
ྋགོང་ས་མཆོག་ལ་རྒྱལ་སྤྱིའི་སྟེང་ཆེས་སྙན་གྲགས་ཆེ་བའི་སྒྲ་འཇུག་གྷི་རམ་མེ་(Grammy)ཡི་ངོས་འཛིན་གཟེངས་རྟགས་ཐོབ་ཟིན་པ་བསྒྲགས། ྋགོང་ས་མཆོག་གི་སྐུ་སྒེར་གྱི་ངོ་དེབ་སྟེང་ཡི་གེ་ཞིག་སྤེལ་བའི་ནང་། འདི་ནི་ང་རང་སྒེར་ལ་སྤྲད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད།
འདི་ནི་ང་ཚོ་ཐུན་མོང་གི་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་འཁུར་ལ་སྤྲད་པ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ཅེས་གསུངས།
ད་དུང་ྋགོང་ས་མཆོག་གིས། ཞི་བདེ་དང་བྱམས་བརྩེ། ཁོར་ཡུག་ལ་བདག་སྐྱོང་བྱེད་པ། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་བཅས་ནི། འགྲོ་བ་མི་ཐེར་འབུམ་ 8 ཐུན་མོང་གི་བདེ་ཐབས་ཀྱི་སྙིང་པོ་དེ་ཡིན་པ། ངོས་ཀྱིས་ཡིད་ཆེས་བྱེད་བཞིན་ཡོད། གྷི་རམ་མེ་བྱ་དགའ་ཡིས་འདི་དག་ཁྱབ་སྤེལ་གཏོང་ཐུབ་རྒྱུར་ཕན་པར་ཐུགས་རྗེ་ཆེ་ཞེས་བཀོད།

རྒྱལ་སྤྱིའི་སྟེང་སྙན་གྲགས་ཆེ་བའི་གྷི་རམ་མེ་ཞེས་པའི་གཟེངས་རྟགས་འདི་ནི། སྤྱིར་གླུ་གཞས་དང་རོལ་དབྱངས། སྒྲ་འཇུགས་བྱེད་པའི་དེབ་སོགས་ལ་སྤྲོད་བཞིན་པ་དང་། སྒྲ་དབྱངས་དེ་ཉིད་ཀྱི་སྤུས་ཚད་དང་གསལ་ཆ། ཤུགས་རྐྱེན་བཅས་ཀྱི་སྟེང་གཞི་འཇོག་བཞིན་པ་ལ། བྱེ་བྲག་ཏུ་
ྋགོང་ས་མཆོག་ལ་འདི་འབུལ་ཡུལ་གྱི་ཆ་ནས། ྋགོང་ས་མཆོག་གི་བཀའ་སློབ་དང་། གསུང་གི་སྟེང་གཞིར་བཞག་ནས་བཟོས་པའི་སྒྲ་དབྱངས་
(Meditations: The Reflections Of His Holiness The Dalai Lama)ཞེས་པར་ཐོབ་ཟིན་པ་གསལ།
རོལ་དབྱངས་དང་སྡེབ་པའི་བཀའ་སློབ་འདི་དག་སྒྲིག་སྦྱོར་མཁན་ནི། ཨ་རིའི་རྩོམ་པ་པོ་དང་རོལ་དབྱངས་བཟོ་མཁན། ཀཱ་སྦེར་སེ་གྷལ་(Kabir Sehgal)དང་། རྒྱ་གར་གྱི་རོལ་དབྱངས་མཁན་(Amjad Ali Khan)བཅས། རྒྱ་གར་གྱི་རོལ་དབྱངས་མཁན་ 3 བཅས་ཚུད་པ་དང་། བྱ་དགའ་འདི་སྤྲོད་མཁན་ནི་ཨ་རིའི་(Recording Academy)ཡིན་པ་གསལ།
ལོ་སྔོན་མར་ཕྱིར་བཏོན་ཅིང་རྒྱལ་སྤྱིའི་སྟེང་ཤུགས་ཆེན་ཁྱབ་པ། འགུལ་རིས་གློག་བརྙན་(Demon Hunter)ཞེས་པའི་གླུ་གཞས་(Golden)ཞེས་པར་ཡང་ལོ་འདིར་བྱ་དགའ་འདི་ཐོབ། དེ་བཞིན་ཨ་རིའི་གླུ་མ་གྲགས་ཅན་ལེ་སྒྲེ་གྷ་གྷ་(Lady Gaga)བཅས་ལའང་། སྡེ་ཚན་འདྲ་མིན་གྱི་ཁྱབ་ཁོངས་སུ་བྱ་དགའ་འདི་ཐོབ།
ྋགོང་ས་མཆོག་ལ་རྒྱལ་སྤྱིའི་སྟེང་ཆེས་སྙན་གྲགས་ཆེ་བའི་སྒྲ་འཇུག་གྷི་རམ་མེ་(Grammy)ཡི་ངོས་འཛིན་གཟེངས་རྟགས་ཕུལ་ཟིན་པ་ལྟར། རྒྱ་ནག་གིས་ཐོག་མར་འདིའི་ཐད་ཁ་གྲགས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལེན་ཅེན་གྱིས། ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་བ་ནི་ཆོས་ལུགས་ཀྱི་མི་སྣ་ཙམ་ཞིག་མ་ཡིན་པར། ཆོས་ལུགས་ཀྱི་རྣམ་པའི་འོག་ཀྲུང་གོར་རྒོལ་བའི་ཁ་བྲལ་གྱི་ལས་འགུལ་ཁྲོད་ཞུགས་ཡོད་པའི་ཆབ་སྲིད་ཡུལ་བྱོལ་བ་ཞིག་རེད་ཅེས་དང་། ང་ཚོས་འབྲེལ་ཡོད་སྡེ་ཁག་གིས། གཟེངས་རྟགས་འདི་ཀྲུང་གོར་རྒོལ་བའི་ཆབ་སྲིད་གཡོ་བྱུས་ཀྱི་ལག་ཆར་བེད་སྤྱོད་བྱས་པར་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བཤད།
