དེ་རིང་རྒྱ་ནག་གཞུང་གིས། རང་གི་མི་སེར་ཚོ་ཉི་ཧོང་དུ་འགྲོ་རྒྱུ་འཛེམས་དགོས་པ་དང་། གལ་སྲིད་གནམ་གྲུའི་འཛིན་བྱང་སོགས་ཉོས་ཟིན་ཚེ། རིན་མེད་དུ་ཕྱིར་བསློག་ཆོག་ཅེས་ཉེན་བརྡ་བཏང་།
བདུན་ཕྲག་སྔོན་མར་ཉི་ཧོང་གི་སྲིད་བློན་གསར་བས་གྲོས་ཚོགས་སུ། གལ་སྲིད་རྒྱ་ནག་གིས་ཐེ་ཝན་ལ་ཚུར་རྒོལ་བྱས་ཚེ། དེ་ནི་ཉི་ཧོང་རྒྱལ་ཁབ་ཀྱི་ཆགས་འཇིག་ལ་ཐུག་པའི་ཉེན་ཁ་ཞིག་དང་། དེས་ཉི་ཧོང་གིས་དམག་དཔུང་བཀོལ་དགོས་བཟོ་སྲིད་པ་བཤད་པ་དང་། སྐད་ཆ་འདིས་རྒྱ་ནག་ལ་ཁོང་ཁྲོ་ཆེན་པོ་བསླངས། ཁ་སང་རྒྱ་ནག་བདེ་སྲུང་ལྷན་ཁང་གིས། གལ་སྲིད་ཉི་ཧོང་གིས་ཐེ་ཝན་མཚོ་འགག་ཏུ་དམག་དཔུང་བཀོལ་ནས་ཐེ་གཏོགས་བྱ་རྒྱུའི་སྙིང་སྟོབས་ཡོད་ཚེ། ཉི་ཧོང་དམག་མི་རྩ་གཏོར་གྱིས་ཕམ་རྒྱུ་ཡིན་ཞེས་བཤད།
དེ་རིང་རྒྱ་ནག་གཞུང་གིས། རང་གི་མི་སེར་ཚོ་ཉི་ཧོང་དུ་འགྲོ་རྒྱུ་འཛེམས་དགོས་པ་དང་། གལ་སྲིད་གནམ་གྲུའི་འཛིན་བྱང་སོགས་ཉོས་ཟིན་ཚེ། རིན་མེད་དུ་ཕྱིར་བསློག་ཆོག་ཅེས་ཉེན་བརྡ་བཏང་། གནས་ཚུལ་འདི་བདུན་ཕྲག་ 2 མ་ཟིན་ཙམ་གྱི་སྔོན་དུ་རྒྱ་ནག་གི་སྲིད་འཛིན་ཞེ་ཅེན་ཕིན་དང་། ཉི་ཧོང་གི་སྲིད་བློན་གསར་བ་ལྕམ་ཏ་ཀའེ་ཆི་གཉིས་ཐུག་རྗེས་བྱུང་། ད་ལོའི་ཕྱི་ཟླ་ 1 ནས་ཕྱི་ཟླ་ 9 བར་གཅིག་བུར་རྒྱ་ནག་ནས་ཉི་ཧོང་ལ་ཡུལ་སྐོར་བ་སོགས་མི་ས་ཡ་ 7.5 ཕྱིན་ཟིན་པ་གསལ།
རྒྱ་ནག་དང་ཉི་ཧོང་གཉིས་བར་ལོ་རྒྱུས་སྟེང་ཕན་ཚུན་བར་འཁོན་འཛིན་ཤུགས་ཆེན་ཡོད་པ་མ་ཟད། རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་ཞེན་སློང་ཆེད། ཉི་ཧོང་གིས་རྒྱ་ནག་ལ་བཙན་འཛུལ་དང་སྡུག་སྦྱོང་བཏང་བའི་གནས་ཚུལ་ད་ལྟ་བར་རྒྱུན་མ་ཆད་པར་འགྲེམས་བཞིན་པ་དང་། ཉི་ཧོང་གི་ངོས་ནས་ཀྱང་། ཐེ་ཝན་དེ་རང་གི་བདེ་སྲུང་ལ་གལ་ཆེན་ཞིག་ཏུ་རྩི་བཞིན་པ་དང་ལྷན། ཐད་ཀར་ཐེ་ཝན་གྱི་གནད་དོན་ཐད་སྐད་ཆ་ཤོད་རྒྱུ་འཛེམས་བཞིན་པ་གསལ།
