Homeརྒྱལ་སྤྱི།དཀྱིལ་ཤར།དམིགས་བསལ་གལ་ཆེན་གསར་འགྱུར་རྒྱས་པ།

དམིགས་བསལ་གལ་ཆེན་གསར་འགྱུར་རྒྱས་པ།

Date:

༢༠༢༥/༡༠/༡༤ གཟའ་མིག་དམར།
➖➖➖➖➖➖➖

གྷ་ཛ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་ཐབས་དང་འབྲེལ། ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས་བཏོན་པའི་འཆར་གཞི་་དོན་ཚན་ 20 ཅན་གྱི་སྟེང་གཞིར་བཞག་ཅིང་། ཏུར་ཀེ་དང་ཁཱ་ཀྲར། ཨེ་ཇིབ་སོགས་ཀྱིས་བར་འདུམ་བྱས་པ་བརྒྱུད། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་གྱི་མཚན་དཀྱིལ་ནས། ཨེ་ཛི་རལ་དང་ཧཱ་མ་སི་དྲག་དཔུང་བར་མེ་མཚམས་བཞག གྲོས་མཐུན་གྱི་ནང་དོན་ལྟར་ཨེ་ཛི་རལ་གྱིས། རྟགས་སེར་པོ་བར་དམག་དཔུང་ཕྱིར་འཐེན་ཅིང་། ད་ལྟ་ཨེ་ཛི་རལ་གྱི་དམག་དཔུང་གི་འོག་ཏུ་གྷ་ཛ་ས་ཁུལ་གྱི་བརྒྱ་ཆ་53% ཡས་མས་ལས་མེད།

དེ་བཞིན་མེ་མཚམས་བཞག་ནས་ཆུ་ཚོད་ 72 ནང་། ཧཱ་མ་སི་དྲག་དཔུང་གིས། ཨེ་ཛི་རལ་གྱི་མི་གསོན་པོ་ 20 ཚང་མ་ཁ་སང་གཟའ་ཟླ་བའི་ཉིན་གློད། ཧཱ་མ་སིའི་ལག་ཏུ་མི་འདས་པོ་ 28 ཀྱི་ཕུང་པོ་ཡོད་དགོས་པ་ལ། ད་ལྟ་བར་ཕུང་པོ་ 4 ལས་སྤྲོད་མ་ཐུབ་ཅིང་། དེ་ནི་ལྷག་མ་དག་གང་དུ་སྦས་ཡོད་མེད་ཧཱ་མ་སི་རང་ཉིད་ལའང་ངེས་གཏན་ཞིག་བཤད་རྒྱུ་མེད་པས་ཡིན་པ་གསལ། དབྱེ་ཞིབ་པ་རེ་ཟུང་གིས་འདི་རྒྱུ་མཚན་དུ་བྱས་ནས་ཨེ་ཛི་རལ་གྱིས། གྷ་ཛ་ས་ཁུལ་དུ་དམག་འཁྲུག་བསྐྱར་དུ་སློང་སྲིད་ཅེས་བཤད། ཡིན་ན་ཡང་། ད་ལྟ་བར་དེ་འདྲའི་རྣམ་པ་གང་ཡང་མ་མངོན། དེ་བཞིན་ཨེ་ཛི་རལ་གྱིས་པཱ་ལི་སི་ཐན་གྱི་བཙོན་པ་ 250 དང་། གཞན་དག་བཅས་ཁྱོན་མི་ 2,000 མ་ཟིན་ཙམ་གློད།

དེ་ལྟར་ན། ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུའི་འཆར་གཞི་རིམ་པ་དང་པོ་དེ་ཡོངས་སུ་ལེགས་འགྲུབ་བྱུང་ཟིན་པ་ཡིན། ཁ་སང་སྒྲོ་ནལ་ཁྲི་རམ་ཕུ་ཨེ་ཛི་རལ་དུ་སླེབས་ཤིང་། ཨེ་ཛི་རལ་གྱི་གྲོས་ཚོགས་སུ་གཏམ་བཤད་བྱས། འདི་ནི་ཕྱི་ལོ་ 2008 ནས་ཨ་རིའི་སྲིད་འཛིན་ཞིག་གིས་ཨེ་ཛི་རལ་གྱི་གྲོས་ཚོགས་སུ་གཏམ་བཤད་བྱས་པ་ཐོག་མ་དེ་གྱུར། གཏམ་བཤད་སྐབས་ཁོས། ཐེངས་འདིར་ལས་ཀ་བྱེད་མཁན་དང་། འཆར་གཞི་བཟོ་མཁན་ཁོའི་སྐུ་ཚབ་ཝེ་ཀྲི་ཀོ་ཧྥི་དང་། ཁོའི་བུ་མོའི་ཁྱོ་ག་ཁུ་ཤི་ནེར་(དཀྱིལ་ཤར་དང་འབྲེལ་མི་འདི་ནི་སྒྲོ་ནལ་ཁྲི་རམ་ཕུའི་རྒྱབ་ཀྱི་འཆར་གཞི་བཟོ་མཁན་གཙོ་བོ་ཞིག་དང་། ཁོ་རང་ཉིད་ཀྱང་རྗོའུ་མི་རིགས་ཡིན།)བཅས་ལ་བསྟོད་པ་དང་། ལྷག་པར་ཨེ་ཛི་རལ་གྱི་སྲིད་བློན་དང་དམག་དཔུང་གིས་སྙིང་སྟོབས་ཆེན་པོས་འཐབ་པར་བསྟོད་བསྔགས་བྱས།

གཞན་ཡང་ལས་ཀ་འདིའི་ཁྲོད་ཚུད་ཡོད་པའི་ཨ་རབ་ཁ་ཆེ་རྒྱལ་ཁབ་ཚོར་ཐུགས་རྗེ་ཆེ་ཞུས། ད་དུང་སྒྲོ་ནལ་ཁྲི་རམ་ཕུས། མི་མང་པོ་ཞིག་གིས་ང་ནི་དམག་འཁྲུག་རྒྱག་འདོད་མཁན་ཞིག་ལ་ངོས་འཛིན་བྱས་ཀྱང་། ངའི་གཤིས་ཀ་དངོས་ནི་དེ་ལས་ལྡོག་ཡོད་པ་དང་། གལ་སྲིད་དམག་འཁྲུག་རྒྱག་དགོས་པ་བྱུང་ཚེ། ངས་ཆབ་སྲིད་ཀྱི་ཐད་ནས་འགྲིག་མིན་སོགས་ལ་ལྟ་མི་སྲིད་པས་དམག་འཁྲུག་ཆེན་པོ་རྒྱག་ཐུབ་ཅེས་སོགས་བཤད། དེ་བཞིན་ཁོས་ཨེ་ཛི་རལ་གྱི་སྲིད་འཛིན་ལ། སྲིད་བློན་ནེ་ཏན་ཡ་ཧུ་གུ་ཡངས་སུ་གཏོང་རོགས་ཞེས་བཤད། ལྐོག་རྔན་བླངས་པ་སོགས་དང་འབྲེལ། ཨེ་ཛི་རལ་གྱི་ཕྱོགས་འགལ་ཚོས་སྲིད་བློན་ནེ་ཏན་ཡ་ཧུ་ལ་ནག་ཉེས་འགའ་བཙུགས་ཤིང་། དེ་དང་འབྲེལ་ཕྱི་ལོ་ 2020 ལོ་ནས་ད་ལྟ་བར་ཁྲིམས་བཤེར་ཞིག་འགྲོ་བཞིན་ཡོད།

ནེ་ཏན་ཡ་ཧུ་ལྟར་ན། འདི་ནི་ཆབ་སྲིད་ཀྱིས་ཀུན་ནས་བསླངས་པ་ཁོ་ན་ཡིན་པ་བསྒྲགས། ཨེ་ཛི་རལ་གྱི་གྲོས་ཚོགས་སུ་གཏམ་བཤད་གྲུབ་རྗེས། སྒྲོ་ནལ་ཁྲི་རམ་ཕུ་ཨེ་ཇིབ་ཏུ་འཕུར་ཅིང་། དེར་སྒྲོ་ནལ་ཁྲི་རམ་ཕུས་ཨེ་ཇིབ་དང་ཁཱ་ཀྲར། ཏུར་ཀེ་བཅས་ཀྱི་དབུ་ཁྲིད་ཚོ་དང་ལྷན་གྷ་ཛ་ས་ཁུལ་དུ་ཞི་བདེ་སྐྲུན་རྒྱུ་དང་འབྲེལ། འཆར་གཞི་ཡིག་ཆའི་སྟེང་དངོས་སུ་མིང་རྟགས་བཀོད་ཅིང་ཡིག་ཆ་འདི་གཞུང་འབྲེལ་ཅན་དུ་བསྒྱུར། འདིའི་ཁྲོད་ཨེ་ཛི་རལ་དང་། ཧཱ་མ་སི་དྲག་དཔུང་གཉིས་ཀྱི་ཚབ་མཚོན་མི་སྣ་གཅིག་ཀྱང་ཞུགས་མེད། ཨེ་ཇིབ་ཀྱི་སྲིད་འཛིན་གྱིས། རྒྱལ་ཁབ་འདིའི་གཟེངས་རྟགས་མཐོ་ཤོས་(Order of the Nile)ཞེས་པ། སྒྲོ་ནལ་ཁྲི་རམ་ཕུ་ལ་སྤྲད་ཅིང་། དེ་ནི་གྷ་ཛ་ས་ཁུལ་གྱི་དམག་འཁྲུག་འདི་མཚམས་འཇོག་རྒྱུར་འབད་པ་བྱས་པར་སྤྲད་པ་ཞིག་ཡིན་པ་བསྒྲགས།

ཐེངས་འདིར་པཱ་ལི་སི་ཐན་གྱི་སྲིད་འཛིན་ཨ་བྷ་སི་དང་སྒྲོ་ནལ་ཁྲི་རམ་ཕུ་གཉིས་ཐུག་ཙམ་བྱས། འདི་ནི་ཁོ་གཉིས་བར་འདས་པའི་ལོ་ངོ་ 8 ཀྱི་རིང་ཐུག་པ་ཐོག་མ་དེ་གྱུར། གཞན་ཡང་ཐེངས་འདིར་ཡིག་ཆའི་སྟེང་མིང་རྟགས་བཀོད་པའི་མཛད་སྒོར། དབྱིན་ཇི་དང་མཇར་མན། ཁེ་ན་ཀྲ་དང་ཧང་གྷ་རི། ཨིན་རྡུ་ནེ་ཤི་ཡ་དང་པཱ་ཀི་སི་ཐན། ཨི་ཀྲ་ལི་སོགས་ཀྱི་སྲིད་འཛིན་དང་སྲིད་བློན་དག་ཞུགས་ཤིང་། དེ་བཞིན་རྒྱ་གར་དང་ཉི་ཧོང་། སི་པན་སོགས་མགྲོན་འབོད་ཞུས་པ་མ་ཟད། ཨེ་རན་ཡང་ཞུགས་རྒྱུར་མགྲོན་ཤོག་བཏང་བར། ཨེ་རན་གྱིས། ཐུགས་རྗེ་ཆེ། ཡིན་ན་ཡང་ང་ཚོས་ང་ཚོའི་སྟེང་དུ་གཏོར་རྒོལ་དང་། དཔལ་འབྱོར་ཉེས་ཆད་འགེལ་མཁན་དག་དང་ལྷན་ཐུག་རྒྱུ་མིན་ཞེས་ཡོང་རྒྱུ་ཁས་མ་བླངས།

◾ཕྱི་ནང་གི་རྣམ་འགྱུར།

འདི་ནི་ཕྱི་སྲིད་དང་ནང་སྲིད་གཉིས་ཀའི་ཁྲོད་དུ། སྒྲོ་ནལ་ཁྲི་རམ་ཕུ་ལ་རྒྱལ་ཁ་ཆེན་པོ་ཞིག་ཏུ་གྱུར་ཟིན་པ་བཤད་མི་དགོས་ཤིང་། ཨེ་ཛི་རལ་དང་ཧཱ་མ་སི་བར་མེ་མཚམས་བཞག་ཐུབ་ཅིང་། ཧཱ་མ་སི་དྲག་དཔུང་གི་ལག་ནས་མི་གཏའ་གསོན་པོ་ཚང་མ་ལེན་ཐུབ་སོང་བར། རྒྱ་གར་གྱི་སྲིད་བློན་མོ་དྷི་དང་། ཡུ་རོབ་རྒྱལ་ཁབ་དག་གི་དབུ་ཁྲིད་དག་གཙོས། འཛམ་གླིང་གི་དབུ་ཁྲིད་མང་པོས་དགའ་བའི་རྣམ་འགྱུར་བསྟན། དེ་བཞིན་ཨ་རིའི་སྲིད་འཛིན་ཟུར་བ་བྷེལ་ ཁི་ལེན་ཀྲོན་གྱིས། སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ཁོའི་སྲིད་གཞུང་། ཁཱ་ཀྲར་སོགས་ལས་དོན་འདི་སྒྲུབ་མཁན་ཚོར་བསྔགས་པ་བརྗོད་འོས་ཞེས་བསྒྲགས།

སྲིད་འཛིན་ཟུར་བ་བྷ་ཀྲན་གྱིས། སྒྲོ་ནལ་ཁྲི་རམ་ཕུ་དང་ཁོའི་ལས་རོགས་ཚོར་བསྔགས་བརྗོད་བྱ་རྒྱུ་ཡིན་ཞེས་བྲིས། དེ་བཞིན་སྒྲོ་ནལ་ཁྲི་རམ་ཕུས། རྒྱ་གར་དང་པཱ་ཀི་སི་ཐན་གྱི་དམག་འཁྲུག་བརྩིས་པའི་ཁྱོན་དམག་འཁྲུག་ 8 མཚམས་བཞག་ཟིན་ཅེས་ཤོད་བཞིན་པ་ལྟར། ཁ་སང་ཨེ་ཇིབ་ཏུ་སླེབས་པའི་པཱ་ཀི་སི་ཐན་གྱི་སྲིད་བློན་གྱིས། སྒྲོ་ནལ་ཁྲི་རམ་ཕུ་ལ་བསྟོད་པ་ཆེན་པོ་བྱས་ཤིང་། ཁོས། རྒྱ་གར་དང་པཱ་ཀི་སི་ཐན་གཉིས་ཀ་རྡུལ་མཚོན་ཐོགས་པའི་རྒྱལ་ཁབ་ཡིན་པས། གནས་སྟངས་སྡུག་ཏུ་ཕྱིན་ཡོད་ཚེ། ཁ་གང་ཞིག་ལ་འགྲོ་མིན་སུས་ཤེས་ཞེས་བཤད། ཡིན་ན་ཡང་། རྒྱ་གར་གྱིས་ད་ལྟ་བར་འདི་ཁས་ལེན་གྱི་མེད་ལ། དེ་ནི་པཱ་ཀི་སི་ཐན་གྱིས་ཚུར་འབྲེལ་བ་བྱས་པ་ལས་བྱུང་ཡིན་པ་བསྒྲགས་ཟིན།

གཞན་ཡང་ཐེངས་འདིའི་ལས་དོན་ཆེད་འགྲོ་བཞིན་པ། ཁཱ་ཀྲར་གྱི་ཕྱི་འབྲེལ་ལས་བྱེད་འགའ་རླངས་འཁོར་བརྡབས་སྐྱོན་བསད་པའི་གནས་ཚུལ་ཞིག་བྱུང་ཞིང་། དོན་རྐྱེན་འདི་ལ་ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས་མྱ་ངན་དང་། སེམས་གསོའི་འཚམས་འཕྲིན་བསྐུར།

◾ད་ལྟ་ཅི་ཞིག་བྱ་དགོས་སམ།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཞི་བདེའི་འཆར་གཞི་ཡིག་ཆར་མིང་རྟགས་བཀོད་རྗེས། ཁོས། ད་ནི་མཛེས་སྡུག་ལྡན་པའི་ཉི་མ་གསར་བ་ཞིག་འཆར་བཞིན་ཡོད་ལ། ད་ལྟ་གྷ་ཛ་ས་ཁུལ་གྱི་གཏོར་ཟིན་པ་དག་བསྐྱར་གསོ་བྱ་རྒྱུའི་ལས་དོན་འགོ་བཙུགས་ཟིན་པ་ཡིན་ཞེས་བསྒྲགས། འདི་དག་ཚང་མ་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གི་འཆར་གཞི་དོན་ཚན་ 20 ཅན་གྱི་སྟེང་གཞིར་བཞག་ནས་སྒྲུབ་བཞིན་པ་ལྟར། དེ་དག་ལས་དོན་ཚན་གསུམ་པ་དང་། དོན་ཚན་བཞི་བ། དོན་ཚན་ལྔ་བ་བཅས་ཀྱི་ནང་དོན་དག་ཕལ་ཆེར་ཡོངས་སུ་འགྲུབ་ཟིན་པར་ངོས་འཛིན་དགོས། ལྷག་ཡོད་པ་གཅིག་ནི། ཧཱ་མ་སི་དྲག་དཔུང་གིས་ཨེ་ཛི་རལ་གྱི་མི་སེར་འདས་པོ་ 24 ཡི་ཕུང་པོ་ཕྱིར་སྤྲོད་མ་ཐུབ་པ་དེ་གྱུར།

ད་ལྟ་མདུན་དུ་ལྷག་ཡོད་པ་གཙོ་བོ་དག་ནི། དོན་ཚན་དགུ་བའི་ནང་དོན་ལྟར། གྷ་ཛ་ས་ཁུལ་དུ་པཱ་ལི་སི་སི་ཐན་གྱི་དབང་སྒྱུར་བ་ཚོ་དང་། ཧཱ་མ་སི་དྲག་དཔུང་གང་ལའང་འབྲེལ་བ་མེད་ཅིང་། ཆབ་སྲིད་དང་འབྲེལ་མེད་ཀྱི་སྡེ་ཁག་ཅིག་གིས་གྲུབ་པ། བར་བརྒལ་གཞུང་ཞིག་འཛུགས་དགོས་པ་དང་། གཞུང་དེ་ལ་་ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས་གཙོ་འགན་འཁུར་བའི་འོག དབྱིན་ཇིའི་སྲིད་བློན་སྲིད་ཟུར་བ་ཀྲོ་ནེ་བྷི་ལར་(Tony Blair)སོགས། རྒྱལ་སྤྱིའི་མི་སྣ་གལ་ཆེན་འགས་གྲུབ་པའི་སློབ་སྟོན་ཚོགས་ཆུང་ཞིག་འཛུགས་དགོས་པ་ཡིན། བར་བརྒལ་གཞུང་འདིས། གྷ་ཛ་ས་ཁུལ་གྱི་འཛུགས་སྐྲུན་ཐད་འཆར་གཞི་བཟོ་རྒྱུ་དང་འགན་གཙོ་བོ་འཁུར་རྒྱུ། ཆ་རྐྱེན་བཏོན་པ་ལྟར་པཱ་ལི་སི་ཐན་གྱི་གཞུང་གིས་རང་ལ་བཅོས་བསྒྱུར་མ་བྱས་བར་དུ། གྷ་ཛ་ས་ཁུལ་འདི་གོང་གི་བར་བརྒལ་གཞུང་འདིས་འཛིན་རྒྱུ་དེ་ཡིན།

དོན་ཚན་བཅུ་གཉིས་པའི་ནང་དོན་དུ། གྷ་ཛ་ས་ཁུལ་ནས་པཱ་ལི་སི་ཐན་གྱི་མི་གཅིག་ཀྱང་ཕྱིར་ཕུད་རྒྱུ་མིན་པའི་སྟེང་། ཁོ་ཚོར་གྷ་ཛ་ས་ཁུལ་དུ་འདུག་རྒྱུར་སྐུལ་མ་གཏོང་རྒྱུ་དང་། དམག་འཁྲུག་གིས་གཏོར་ཟིན་པ་དག་བསྐྱར་གསོའི་ལས་གཞིའི་ཁྲོད་ཁོ་ཚོ་ཞུགས་སུ་འཇུག་རྒྱུ། དོན་ཚན་བཅུ་གསུམ་པའི་ནང་དུ། གྷ་ཛ་ས་ཁུལ་གྱི་འཛིན་སྐྱོང་ཁྲོད་ཧཱ་མ་སི་དྲག་དཔུང་དང་། པཱ་ལི་སི་ཐན་གྱི་དྲག་པོའི་དཔུང་སྡེ་གཞན་གང་ལའང་དངོས་སམ། བརྒྱུད་ནས་ཐེ་བྱུས་བྱ་རྒྱུའི་དབང་ཆ་གང་ཡང་མེད་པ་དང་། གྷ་ཛ་ས་ཁུལ་གྱི་དྲག་པོའི་་དཔུང་སྡེ་དག་གི་བརྟེན་གཞི་དང་ས་འོག་དོང་ལམ། འཐབ་ར། གོ་ལག་བཟོ་གྲྭ་དང་གོ་མཛོད་བཅས་ཚང་མ་དུས་གཏན་དུ་རྩ་མེད་བཟོ་རྒྱུ་དང་། འབྱུང་འགྱུར་གྷ་ཛ་ས་ཁུལ་དེ་ཨེ་ཛི་རལ་སོགས་ལ་ཉེན་ཁ་མི་སྤྲོད་མཁན་ཞིག་ཏུ་བསྒྱུར་རྒྱུ།

གྷ་ཛ་ས་ཁུལ་གྱི་དམག་དོན་ནུས་པ་མེད་པ་བཟོ་རྒྱུའི་ལས་དོན་འདིའི་ཐད། རང་དབང་ལྡན་པའི་རྒྱལ་སྤྱིའི་ཚོགས་པ་ཞིག་གིས་ལྟ་ཞིབ་དགོས་པ། དོན་ཚན་བཅུ་དྲུག་པའི་ནང་དོན་གཙོ་བོ། གྷ་ཛ་ས་ཁུལ་དེ་ཨེ་ཛི་རལ་གྱི་དབང་སྒྱུར་འོག་མི་འཇོག་རྒྱུ་དང་། གོམ་པ་རིམ་སྤོས་ཀྱིས་ཨེ་ཛི་རལ་གྱིས། རང་གི་དམག་དཔུང་གྷ་ཛ་ས་ཁུལ་ནས་ཕྱིར་འཐེན་དགོས་པ་དང་། གྷ་ཛ་ས་ཁུལ་དེ་བར་བརྒལ་གྱི་བདེ་འཇགས་འགན་འཁུར་བ་དག་ལ་སྤྲད་རྒྱུ་བཅས་ཚུ། མཐར་ལས་དོན་འདི་དག་འགྲུབ་མཚམས་སུ། དོན་དངོས་སུ་པཱ་ལི་སི་ཐན་གྱི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དང་། པཱ་ལི་སི་ཐན་གྱི་མི་དམངས་ཀྱི་མངོན་འདོད་དེ། རྒྱལ་ཁབ་རང་བཙན་བྱ་རྒྱུའི་ལམ་ཀ་དངོས་སྐྲུན་ཐུབ་སྲིད་པ་དང་། མཐར་ཨ་རིས་བར་འདུམ་བརྒྱུད་ཨེ་ཛི་རལ་དང་། པཱ་ལི་སི་ཐན་བར་གྱི་ཆབ་སྲིད་དཀའ་ངལ་འདི་དུས་གཏན་དུ་སེལ་རྒྱུའི་གྲོས་མོལ་འགོ་གཟུག་རྒྱུ་བཅས་ཡིན།

གསར་གནས།

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། རཱ་ཤི་ཡ་དང་ཡུ་ཁུ་རན། ཡུ་རོབ་བཅས་དང་ལྷན་གསང་བའི་ངང་གྲོས་མོལ་གྱིས།དམག་འཁྲུག་འདི་མཚམས་འཇོག་ཐབས་ཆེད་ཡིག་ཆ་དོན་ཚན་ 28 ཞིག་བཟོ་བཞིན་པའི་གནས་ཚུལ་ཐོན་ཟིན་པ་ལྟར། ད་ལྟ་འདིའི་སྐོར་གནས་ཚུལ་ཅུང་ཞིབ་ཕྲ་ཐོན།

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། དམག་འཁྲུག་འདི་མཚམས་འཇོག་ཐབས་དང་འབྲེལ། ཡིག་ཆ་དོན་ཚན་ 28 ཅན་ཞིག་བཟོ་བཞིན་པ་དང་། འདིའི་ཆེད་རཱ་ཤི་ཡ་དང་ཡུ་ཁུ་རན། ཡུ་རོབ་རྒྱལ་ཁབ་དག་དང་ལྷན་གསང་བའི་ངང་གྲོས་མོལ་བྱེད་བཞིན་པ་བཤད།

དཀྱིལ་ཤར་ལ་གཞི་ནས་ཞི་བདེ་བསྐྲུན་ཟིན།

སྒྲོ་ནལ་ཁྲི་རམ་ཕུས། ངའི་མི་ཚེ་གང་ལ་དཀྱིལ་ཤར་དུ་ཞི་བདེ་སྐྲུན་ཐབས་སྐོར་གོ་ནས་ཡོང་བ་ཡིན།ཡིན་ན་ཡང་། ད་ལྟ་བར་བསྐྲུན་མ་ཐུབ་པ་ལ་ང་ཚོས་གཞི་ནས་དཀྱིལ་ཤར་དུ་ཞི་བདེ་བསྐྲུན་ཟིན་ཅེས་བཤད།

ཨ་རིས་ཐེ་ཝན་ལ་གོ་ལག་བཙོང་། 

ཨ་རིས་ཐེ་ཝན་ལ་འཕུར་མདའི་མ་ལག་ནཱ་སམ་སི་(NASAMS)བཅས། གོ་ལག་རིན་ཐང་ཨ་སྒོར་ས་ཡ་ $700 འཚོང་རྒྱུ་ཡིན་པ་ཨ་རིའི་ལས་བྱེད་ཚོས་གཏན་འཁེལ།

སོ་ཐེའི་རྒྱལ་སྲས་ཨ་རིར་སླེབས།

སོ་ཐེ་ཨ་རབ་བྷེ་ཡའི་རྒྱལ་སྲས་ཀྱིས། འབྱུང་འགྱུར་རྒྱལ་ཁབ་འདིས་བཅོས་མའི་རིག་པ་དང་འཕྲུལ་རིགས་སོགས་དང་འབྲེལ། ཨ་རིའི་རྒྱལ་ནང་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ $1 མ་ཟིན་ཙམ་གྱི་མ་རྐང་འཇོག་རྒྱུ་ཡིན་པ་བཤད།