Homeདེ་ལས་མང་(More)བཅོས་མའི་རིག་པ།བཅོས་མའི་རིག་པའི་ལྦུ་བ།

བཅོས་མའི་རིག་པའི་ལྦུ་བ།

Date:

ཉེ་དུས་ནས་རྒྱལ་སྤྱིའི་དཔལ་འབྱོར་ཁྲོད་ཉེན་ཁ་གསར་བ་ཞིག་འབྱུང་བཞིན་པའི་སྐད་ཆ་མང་དུ་ཕྱིན་ཅིང་། ད་ལྟ་སྐད་ཆ་འདིས་ཁྲོམ་ར་དངོས་ལ་ཤུགས་རྐྱེན་ཐེབས་རྒྱུའི་འགོ་བཙུགས། དེ་ནི་{བཅོས་མའི་རིག་པའི་ལྦུ་བ་}ཞེས་པ་དེ་རེད།

ཉེ་དུས་ནས་རྒྱལ་སྤྱིའི་དཔལ་འབྱོར་ཁྲོད་ཉེན་ཁ་གསར་བ་ཞིག་འབྱུང་བཞིན་པའི་སྐད་ཆ་མང་དུ་ཕྱིན་ཅིང་། ད་ལྟ་སྐད་ཆ་འདིས་ཁྲོམ་ར་དངོས་ལ་ཤུགས་རྐྱེན་ཐེབས་རྒྱུའི་འགོ་བཙུགས། དེ་ནི་{བཅོས་མའི་རིག་པའི་ལྦུ་བ་}ཞེས་པ་དེ་རེད། སྤྱིར་ལྦུ་བའམ་དབུ་བ་ནི་ཆུ་རླབས་གཡོས་པ་ལས་ཐོན་པ་ཞིག་སྟེ། དེ་ལ་དབྱིབས་ངེས་ཅན་ཞིག་ཡོད་ཀྱང་ནང་ངོས་སྟོང་པ་ཡིན་པས་རེག་པ་ཙམ་གྱིས་འཐོར་འགྲོ་བ་དེ་རེད། དཔལ་འབྱོར་ཁྲོད་ལྦུ་བ་ཞེས་པའི་ཚིག་འདི་སྤྱོད་དུས། ཅ་དངོས་ཤིག་གི་རིན་ཐང་དང་རིན་གོང་དེ། དོན་དངོས་ཀྱི་བེད་སྤྱོད་དང་མཐུན་པའི་རིན་ཐང་དང་། རིན་གོང་ངོ་མ་ལས་ཧ་ཅང་ཆེན་པོ་གྱུར་བ་དེར་གོ་བ་ཡིན།

ཅ་དངོས་ཤིག་གི་རིན་ཐང་དང་རིན་གོང་དེ། དོན་དངོས་ཀྱི་རིན་ཐང་དང་རིན་གོང་ལས་ཆེ་བ་འགྱུར་བའི་སྣང་ཚུལ་འདི་ཇི་ལྟར་བྱུང་བ་རེད་དམ་ཞེས་ན། དེ་ནི་མི་རྣམས་ཀྱི་དགའ་སྣང་དང་རེ་བ། སྔོན་དཔག་ལས་བྱུང་བ་ཞིག་ཡིན་པ་ལས། ཅ་དངོས་གང་ཞིག་གི་སྤྱོད་སྒོ་དངོས་ཀྱི་སྟེང་ནས་བྱུང་བ་མིན་དེ་རེད། ཉེ་དུས་ནས་བཅོས་མའི་རིག་པ་ཡར་རྒྱས་དང་། ཞིབ་འཇུག་ཐད་རྒྱལ་སྤྱིའི་ཁེ་གཉེར་ཆེན་པོ་དག་གིས། མ་རྐང་ཧ་ཅང་ཕོན་ཆེན་འཇོག་བཞིན་པ་ལ། རེ་ཞིག་དེ་དང་མཐུན་པའི་ཡོང་སྒོ་ཞིག་འབྱུང་བཞིན་མེད་པ་ལ། འབྱུང་འགྱུར་བཅོས་མའི་རིག་པས་དཀའ་ངལ་ཚང་ཚང་མ་སེལ་རྒྱུ་དང་། ཚང་མར་འགྱུར་བ་གཏོང་རྒྱུ་དེ་ད་ལྟ་མི་རྣམས་ཀྱི་སྔོན་དཔག་ཡིན་པ་ལ། གལ་སྲིད་སྔོན་དཔག་དེ་དང་མཐུན་པའི་གྲུབ་འབྲས་ཤིག་མ་བྱུང་ཚེ། དཔལ་འབྱོར་གྱི་ཆག་སྒོ་ཆེན་པོ་ཞིག་ཏུ་འགྱུར་རྒྱུ་ཡིན་པར་བཤད་པ་དེ་རེད།

དཔེར་ན། བཅོས་མའི་རིག་པ་ཡར་རྒྱས་དང་ཞིབ་འཇུག་ཆེད། གློག་ཧ་ཅང་ཕོན་ཆེན་བེད་སྤྱོད་བྱེད་དགོས་པར་བརྟེན། ཐ་ན་གློག་ཁང་ཚུན་གསར་རྒྱག་བྱ་དགོས་པ། བརྙན་དང་པར་སོགས་སྒྲིག་སྦྱོར་གྱི་མ་ལག་(GPUs)ཤུགས་ཆེན་དགོས་པ། གནས་ཚུལ་མཉར་སའི་བསྟི་གནས་གསར་རྒྱག་དགོས་པ། རྩིས་འཕྲུལ་དང་རྩིས་རིག་སོགས་ཆེས་མཐོའི་ཤེས་ཡོན་ལྡན་པའི་ཆེད་ལས་མི་སྣ་གླ་དགོས་པ་སོགས་ཀྱི་འགྲོ་གྲོན་ཧ་ཅང་ཆེ་བ་དང་། ད་ལོར་ཨ་རིའི་ཁེ་གཉེར་ཆེ་ཤོས་དག་གཙོས་རྒྱལ་སྤྱིའི་གང་སར།བཅོས་མའི་རིག་པ་ཡར་རྒྱས་ཆེད་མ་རྐང་ཨ་སྒོར་ཐེར་འབུམ་ $375 འཇོག་རྒྱུ་སྔོན་དཔག་དང་། ཕྱི་ལོ་ 2025 ལོར་འདི་ཉིད་ཨ་སྒོར་ཐེར་འབུམ་ $500 ལ་འབུད་རྒྱུ་ཡིན་པ་སྔོན་དཔག་བྱས།

དེ་ནི་བཅོས་མའི་རིག་པ་ནི་ལྟ་གྲུབ་ཙམ་དང་། རེ་བ་ཙམ་ཞིག་གི་ངོ་བོར་ལྷག་ཡོད་པའི་རིག་སྡེ་ཞིག་ཡིན་པའི་དོན་མ་ཡིན་ནའང་། ད་ལྟ་གཏོང་བཞིན་པའི་འགྲོ་གྲོན་དང་ད་ལྟའི་སྤྱོད་སྒོ་བར་ཧེ་བག་ཆེན་པོ་ཡོད་པ་གཅིག་བྱས། དེའི་སྟེང་འབྱུང་འགྱུར་གྱི་གྲུབ་འབྲས་དེ་ཚོད་དཔག་ལྟར་འབྱུང་མིན་དང་། དེའི་བར་དུ་མ་རྐང་འཇོག་མཁན་དག་ལ་འཇིགས་སྣང་སྐྱེ་ནས། མ་རྐང་ཕྱིར་འཐེན་སོགས་དཔལ་འབྱོར་རྙོག་ཟིང་འབྱུང་སྲིད་པ་ཚོད་དཔག་བྱེད་བཞིན་པ་དེ་རེད། ད་ལྟ་གནས་ཚུལ་འདིའི་ཐད་ཆེད་མཁས་པའི་ལྟ་སྟངས་མི་མཐུན་ནའང་། མང་པོ་ཞིག་གིས་བཅོས་མའི་རིག་པའི་ལྦུ་བ་ནི་དངོས་སུ་འབྱུང་བཞིན་པ་ཞིག་དང་། འདི་དང་ཕྱི་ལོ་ 2000 ནས་ཕྱི་ལོ་ 2002 བར་བྱུང་བའི་དྲྭ་རྒྱ་ཐོག་མར་དར་སྐབས་ཀྱི་དཔལ་འབྱོར་ཆག་སྒོ་(Dot-Com Bubble)གཉིས་བསྡུར་མཁན་བྱུང་། འགའ་ཤས་ཀྱིས། སྔར་ལས་ད་ལྟ་དངུལ་སྒོར་གྱི་ཕོན་ཆེ་བ་དང་སྒྲིག་གཞི་ཚགས་དམ་པས། སྔར་གྱི་ཆག་སྒོ་དེ་འདྲ་འབྱུང་མི་སྲིད་ཅེས་ཀྱང་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག