
2025/9/9 གཟའ་མིག་དམར།
བལ་ཡུལ་གྱི་སྲིད་བློན་ཁེ་ཕི་ཤར་མ་(K.P Sharma Oli)ཡིས་དགོངས་པ་ཞུས་པ་དེར་སྲིད་འཛིན་གྱིས་ཆོག་མཆན་སྤྲད། སྲིད་བློན་གྱིས། ཁོ་སྲིད་སྟེགས་ནས་འབབ་དོན་ནི་དཀའ་ངལ་འདི་སེལ་ཐབས་ཤིག་འཚོལ་ཆེད་དང་། དེའང་ཆབ་སྲིད་ཀྱི་ལམ་ནས་སེལ་ཆེད་ཡིན་པ་བཤད།
ད་ལྟ་ན་གཞོན་ངོ་རྒོལ་བ་ཚོས་བར་བརྒལ་སྲིད་བློན་དེ། རྒྱལ་ས་ཀཱ་ཐ་མན་ཀྲུ་གྲོང་ཁྱེར་གྱི་སྤྱི་ཁྱབ། བྷ་ལན་རྡར་ཤཱ་(Balendra Shah)ཞེས་པ་བསྐོ་དགོས་པའི་འབོད་སྐུལ་ཡིག་གེ་མང་པོ་འགྲེམས་བཞིན་པའི་གནས་ཚུལ་ཐོན། ད་ལྟ་བར་ངོ་རྒོལ་ཁྲོད་འཆི་གྲངས་ 22 ལ་འཕར་བ་དང་ལྷན་ངོ་རྒོལ་དེ་གཞི་རྒྱ་ཆེ་རུ་ཕྱིན།
རྒྱལ་སར་ཡོད་པའི་གཞུང་འཛིན་དམར་ཤོག་ཚོགས་པའི་དབུས་ལས་ཁུངས་ལ་གཏོར་རྒོལ་དང་། དམར་ཤོག་ཚོགས་པའི་དར་ཆ་མར་འཕབ། ངོ་རྒོལ་བ་ཚོར་གཞུང་མགོ་གཏིང་བསློག་རྒྱུའི་དམིགས་ཡུལ་ཡོད་པ་བཤད། དེ་བཞིན་ཆེས་མཐོའི་ཁྲིམས་ཁང་གི་སྒོ་འགྲམ་དུ་མེ་འབར་བཞིན་པ་དང་། ད་དུང་གྲོས་ཚོགས་ཁང་མེ་འབར་བཞིན་པའི་བརྙན་པར་སོགས་ཀྱང་ཕྱིར་ཐོན། མེའི་ཁྱབ་ཚད་རེ་ཞིག་ཤེས་ཐབས་བྲལ། བལ་ཡུལ་གྱི་གཞུང་འཛིན་མཐོ་རིམ་པ་ཆབ་སྲིད་པ་ཞིག་ལ་བདག་པའི་མགྲོན་ཁང་ཞིག་(Hilton Hotel)མེར་བསྒྲོན། བཙོན་ཁང་ཆེ་ཤོས་ཤིག་ཀྱང་གཏོར་ཟིན་པ་རེད་ཅེས་བརྙན་ཞིག་ཕྱིར་ཐོན།
ཕྱི་སྲིད་བློན་ཆེན་ཟུར་བ་ཞིག་དང་། ཁོའི་བཟའ་ཟླ་གཉིས་ལ་ངོ་རྒོལ་བ་ཚོས་རྡུང་རྡེག་བྱས་ཟིན་པའི་གནས་ཚུལ་ཐོན། རྒྱལ་སར་ཡོད་པའི་རྒྱལ་སྤྱིའི་གནམ་ཐང་སྒོ་བརྒྱབས། སྲིད་བློན་སོགས་མཐོ་རིམ་དབུ་ཁྲིད་ཚོ་རང་གི་ལས་ཁུངས་ནས་ཐད་འཕུར་གནམ་གྲུ་བརྒྱུད་བསྐྱབས་ཟིན་པ་དང་།(ཁོ་ཚོ་གནམ་ཐང་གི་ཕྱོགས་སུ་འཕུར་བཞིན་པའི་གནས་ཚུལ་ཞིག་ཀྱང་ཐོན། བདེན་མིན་ཞུ་མ་ཤེས) རྒྱལ་སྤྱིའི་གནམ་ཐང་དུ་དམག་མི་ 300 ཡས་མས་འགྲེམས་འཇོག་གིས་སྲུང་སྐྱོབ་བྱེད་བཞིན་པ་གསལ།
ད་ལྟ་རྒྱལ་སའི་གནམ་ཐང་དག་གི་ཐག་ཉེར་རྒོལ་བ་ཚོས། ཤོག་སྦག་སྤར་བ་དང་། སྒྲི་རོན་བེད་སྤྱོད་བྱེད་པ་སོགས་གནམ་གྲུ་ཡར་འཕུར་བ་དང་མར་འབབ་ཏུ་འཇུག་བཞིན་མེད་པའི་གནས་ཚུལ་ཐོན། རྒྱ་གར་གྱི་མཁའ་འགྲུལ་ཁེ་གཉེར་(Air India)ཡིས། བལ་ཡུལ་དུ་རེ་ཞིག་གནམ་གྲུ་གཏོང་མཚམས་བཞག་ཅིང་། རྒྱ་གར་གཞུང་གིས་ས་མཚམས་སུ་དོགས་ཟོན་དང་ལྷན། རྒྱ་གར་གྱི་མི་སེར་ཚོ་རེ་ཞིག་བལ་ཡུལ་དུ་འགྲོ་མི་རུང་བའི་ཉེན་བརྡ་བཏང་། ད་ལྟ་དྲག་པོའི་དམག་དཔུང་གིས་ངོ་རྒོལ་འདིར་སྟངས་འཛིན་བྱ་རྒྱུའི་དོགས་པ་ཆེ་རུ་འགྲོ་བཞིན་པའི་མཚམས།
🔘 ངོ་རྒོལ་བ་ཚོའི་དོགས་པ་ནི་མཐོ་རིམ་ཆབ་སྲིད་པ་ཚོ་ཕྱི་རྒྱལ་དུ་འབྲོ་སྲིད་པ་དེ་རེད་ཅེས་བཤད། ངོ་རྒོལ་འདིའི་ཐད་ཀའི་རྒྱུ་རྐྱེན་གཙོ་བོ་ནི་གཞུང་གིས་རྒྱལ་ནང་དུ་སྤྱི་ཚོགས་དྲྭ་རྒྱ་དང་། འཕྲིན་སྟེགས་གལ་ཆེན་འགའ་བཀག་པ་དེ་གྱུར་ཅིང་། མཐར་ངོ་རྒོལ་གྱི་རྣམ་པ་དེ་ལས་བརྒལ་ཅིང་། ལྐོག་ཟ་སོགས་གཞུང་འཛིན་ཚོགས་པར་རྒོལ་བའི་ལས་འགུལ་ཞིག་ཏུ་གྱུར། ངོ་རྒོལ་འདིར་སྐུལ་སློང་བྱེད་མཁན་གཙོ་བོ་ཞིག་ནི། ད་ལྟ་ལོ་ན་ 36 ཡིན་པའི་སུ་རྡན་གྷུ་རུང་(Sudan Gurung)ཞེས་པའི་ན་གཞོན་ཞིག་ཡིན་པ་བཤད།
ཕྱི་ལོ་ 2015 ལོའི་བལ་ཡུལ་གྱི་ས་ཡོམ་སྐབས་སུ། མི་འདིས་དུས་ཐོག་གི་དཀའ་ངལ་ལ་དམིགས་ནས། ཧཱ་མེ་ནེ་པལ་(Hami Nepal)ཞེས་པའི་ཚོགས་པ་ཞིག་བཙུགས་ཡོད་པ་གསལ། ཕྱི་ལོ་ 2015 ལོའི་ས་ཡོམ་སྐབས་སུ་ཁོ་རང་གི་བྱིས་པ་རྐྱེན་འདས་སུ་ཕྱིན་ཟིན་པ་དང་། དུས་དེ་ནས་བཟུང་ཁོ་ནི་སྤྱི་ཚོགས་ཁྲོད་ལས་འགུལ་བ་ཞིག་དང་། རོགས་སྐྱོར་མཁན་ན་གཞོན་ཁྲོད་དགའ་མོས་ཆེན་པོ་ཡོད་ས་ཞིག་ཏུ་གྱུར་ཅིང་། ཁ་སང་ཚེས་ 8 ཉིན་ཁོའི་ཚོགས་པ་འདིའི་སྤྱི་ཚོགས་དྲྭ་རྒྱ་ཨིན་སི་ཀྲ་གྷི་རམ་སོགས་བརྒྱུད། སློབ་མ་གཙོས་ན་གཞོན་ཚོར་གཞུང་ལ་ངོ་རྒོལ་བྱ་རྒྱུའི་སྐུལ་མ་བཏང་ཟིན་པ་གསལ།
