ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།
ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད་ཅིང་། ཁ་སང་སྦེལ་རྗམ་དུ་ཁོས་ཡུ་རོབ་ཀྱི་དབུ་ཁྲིད་ཚོར། ཡུ་རོབ་དེ་རཱ་ཤི་ཡའི་རིན་གོང་ཆུང་བའི་རྡོ་སྣུམ་དང་། རླངས་རྫས་ལ་བརྟེན་རྒྱུ་ཡོངས་སུ་མཇུག་བསྡུ་བཞིན་པ་དང་། རྒྱ་ནག་དེ་ཡུ་རོབ་ཀྱི་ཚོང་ཟོག་ཕྱིར་འདྲེན་གྱི་ཁྲོམ་ར་གཙོ་བོ་དེ་ཡིན་པའི་སྣང་ཚུལ་མཇུག་བསྡུ་བཞིན་པ། ཨ་རིས་ཡུ་རོབ་ཀྱི་སྟེང་གནོན་ཤུགས་སྤྲོད་ཆེད། སྒོ་ཁྲལ་སོགས་བེད་སྤྱོད་བྱེད་བཞིན་པ་བཤད།
ཡུ་རོབ་ལ་རྒྱ་ནག་དང་རཱ་ཤི་ཡའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པ་མ་ཟད། ད་ལྟ་ཨ་རིས་ཀྱང་ཡུ་རོབ་ལ་ཉེན་ཁ་སྤྲོད་བཞིན་པའི་མཚམས་ཤིག་ཏུ་སླེབས་ཡོད་པས། མཱ་ཁི་རོན་གྱིས་ཡུ་རོབ་ཀྱི་དབུ་ཁྲིད་ཚོར། ང་ཚོ་སྟོབས་ཆེན་དུ་འགྱུར་རྒྱུར་གྲ་སྒྲིག་ཡོད་དམ། དྲི་བ་འདི་ནི་དཔལ་འབྱོར་དང་ནོར་སྲིད། བདེ་སྲུང་། མང་གཙོའི་ལམ་ལུགས་སོགས་དང་འབྲེལ་བ་ཡོད་པ་ཞིག་རེད་ཅེས་དང་། དམག་འཁྲུག་མཇུག་བསྡུ་ཆེད་ཡུ་རོབ་རྒྱལ་ཁབ་ཚོས་མཉམ་ལས་བྱས་པ་རེད། ཁྲོམ་ར་སྐྲུན་ཆེད་ང་ཚོས་མཉམ་ལས་བྱས་པ་རེད། ཡིན་ན་ཡང་། རང་ཉིད་སྟོབས་ཆེན་ཞིག་ཏུ་འགྱུར་རྒྱུར་ང་ཚོས་རང་ཉིད་ལའང་བསམ་བློ་འདི་གཏོང་དུ་མ་བཅུག་པ་རེད་ཅེས་བཤད།
མཱ་ཁི་རོན་གྱི་སྐད་ཆའི་སྙིང་པོ་ནི། ད་ལྟའི་ཡུ་རོབ་འདི་ནི་ཨ་རིའི་བདེ་སྲུང་རྒྱབ་རྟེན་དང་། རྒྱ་ནག་གི་ཁྲོམ་ར། རིན་གོང་ཆུང་བའི་རཱ་ཤི་ཡའི་ནུས་པར་བརྟེན་ནས་གྲུབ་པ་ཞིག་ཡིན་པ་ལ། ད་ལྟ་ནི་ཨ་རིས་ཡུ་རོབ་ཀྱི་བདེ་སྲུང་ལ་ཁག་ཐེག་བྱ་རྒྱུ་ཡིན་མིན་དེ་ཐེ་ཚོམ་མ་ཟད། གྷི་རེན་ལན་ཀྲི་གླིང་ཕྲན་དགོས་ཞེས་ཉེན་ཁ་བཟོ་བཞིན་པ། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཚད་དལ་དུ་ཕྱིན་ཟིན་པས། སྔར་བཞིན་ཡུ་རོབ་ཀྱི་ཚོང་ཟོག་འདྲེན་ས་གཙོ་བོ་དེ་གྱུར་མེད་པ། དེའི་སྟེང་རྒྱ་ནག་གིས་ཐེ་ཝན་མཚོ་རྒྱུད་དུ་སྡུག་རྩུབ་བཀོལ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པ། རིན་གོང་ཆུང་བའི་རཱ་ཤི་ཡའི་རྡོ་སྣུམ་དང་རླངས་རྫས་ཐོབ་རྒྱུའི་དུས་རབས་དེ། དམག་འཁྲུག་འགོ་བཙུགས་པ་ནས་མཇུག་བསྡུས་ཟིན་པ།
གོང་གི་རྒྱུ་མཚན་འདི་དག་ལ་བརྟེན་ནས། ད་ལྟའི་ཡུ་རོབ་འདི་གྲུབ་བྱེད་ཀྱི་སྔར་གྱི་རྨང་གདན་དག་ད་ལྟ་མེད་པར་གྱུར་ཟིན་པ་དང་། ད་ལྟ་ཡུ་རོབ་ཀྱིས་རྨང་གདན་གསར་བ་ཞིག་གི་སྟེང་དུ། རང་བཙན་གྱི་ཚུལ་དུ་ལངས་དགོས་པ་གཙོ་བོ་ཡིན་པ་ལ། འདིའི་ཆེད་ཡུ་རོབ་ཀྱིས་རང་གི་བདེ་སྲུང་དང་ནུས་པ་གཙང་མ། བཅོས་མའི་རིག་པ། བཟོ་ལས་སྲུང་སྐྱོབ་ཀྱི་ཆེད་ལོ་རེར་ཡུ་སྒོར་ཁྲག་ཁྲིག་ཆེན་མོ་ €1.2 གཏོང་དགོས་པ་བཤད།ཡིན་ན་ཡང་ཁོས། ཡུ་རོབ་རྒྱལ་ཁབ་མང་པོ་ཡུ་རོབ་རྒྱལ་ཁབ་གཞན་དང་བསྡུར་ན་སྐྱོ་བོ་ཡིན་པས། ཡུ་རོབ་ཀྱི་ངོས་ནས་རྒྱལ་ཁབ་གཅིག་ལྟར་བུ་ལོན་མཉམ་ལེན་དང་། མཉམ་སྤྲོད་བྱ་དགོས་ཞེས་བཤད།
དེ་ལྟར་བྱས་ཚེ་རྒྱལ་ཁབ་གཞན་དང་བསྡུར་ན་ཧྥ་རན་སི་ལྟ་བུའི་རྒྱལ་ཁབ་ཚོས། གཞུང་གྲོན་ཕོན་ཆེན་གཏོང་བཞིན་པས། དེའི་ཐད་མཇར་མན་དང་། ཡུ་རོབ་བྱང་ཕྱོགས་ཀྱི་རྒྱལ་ཁབ་གཞན་དག་ལ་བསམ་ཚུལ་ཡོད་པ་ཆོས་ཉིད་ཡིན་པས། དཀའ་ངལ་འདི་སེལ་ཆེད་རྒྱལ་ཁབ་རང་གི་དཔལ་འབྱོར་སྒྲོམ་གཞི་ལ་འགྱུར་བ་གཏོང་དགོས་པ་དང་། ཧྥ་རན་སིའི་ངོས་ནས། ད་ལྟ་བར་རང་གི་དཔལ་འབྱོར་ལ་བཅོས་བསྒྱུར་མ་བྱས་པ་མཱ་ཁི་རོན་གྱིས་ཁས་བླངས། དེ་བཞིན་ཁོས། མ་རྐང་འཇོག་མཁན་ཚོས། མང་གཙོའི་རྒྱལ་ཁབ་བརྟན་པོ་ཞིག་ཏུ་མ་རྐང་འཇོག་རྒྱུར་ཡིད་ཆེས་ཆེ་བ་བྱེད་བཞིན་པ་ལ། ད་ལྟའི་ཨ་རིའི་ཁྲོམ་རར་ཡིད་ཆེས་ཆུང་དུ་འགྲོ་བཞིན་པས། འདི་ནི་ཡུ་རོབ་ལ་གོ་སྐབས་གལ་ཆེན་ཞིག་ཡིན་པ་བཤད།
གཞན་ཡང་མཱ་ཁི་རོན་གྱིས། རྒྱ་ནག་དང་ཨ་རི་གཉིས་ཀྱིས་རང་གི་ཁེ་གཉེར་དང་། བཟོ་གྲྭ་དག་སྲུང་སྐྱོབ་ཆེད་ཕྱིའི་ཚོང་ཟོག་ནང་ལ་འདྲེན་རྒྱུའི་སྒོ་མོ་དོག་ཏུ་གཏོང་བཞིན་པ་དང་ལྷན། ཡུ་རོབ་ཀྱིས་རང་གི་ཁྲོམ་ར་ཡོངས་སུ་ཕྱི་ལ་སྒོ་ཕྱེ་ཡོད། དེར་བརྟེན་ཡུ་རོབ་ཀྱིས་ཀྱང་རང་གི་ཁྲོམ་ར་སྲུང་སྐྱོབ་བྱ་རྒྱུའི་འགོ་འཛུགས་དགོས་པ་བཤད། ད་དུང་ཁོས། གྷི་རེན་ལན་ཀྲིའི་ཐད་ཨ་རིས་རྙོག་གྲ་བཟོ་མཚམས་བཞག་སོང་བསམས་ན། དེ་ནི་བྱིས་བློ་ཡིན་པ་དང་། འདི་འདྲའི་བསམ་བློ་གཏོང་ཚུལ་ལ་སྐར་ཆ་གཅིག་ལའང་ཡིད་ཆེས་བྱེད་མི་རུང་ཞེས་བཤད། རྒྱ་ནག་གིས་ཟླ་བ་འགའི་ནང་འཛམ་གླིང་གི་ཉི་གློག་ཆེ་ཤོས་དེ་བཟོ་ཐུབ་ཀྱང་། ཡུ་རོབ་ཀྱིས་ཐག་གཅོད་དེ་འདྲ་ཞིག་བྱ་རྒྱུ་གཅིག་བུར་ལོ་འགའ་འགོར་གྱི་ཡོད་ཅེས། ཡུ་རོབ་ཀྱི་ཐག་གཅོད་བྱེད་རིམ་ལའང་རྩ་བའི་འགྱུར་བ་ཞིག་གཏོང་དགོས་པ་ཁོས་བཤད།
རོའུ་ཀྲར་གསར་ཤོག་ལྟར་ན། གོང་གི་གནད་དོན་འདི་དཀྱིལ་སྙིང་ལ་བཞག་ནས། ཡུ་རོབ་ཀྱིས་ད་ལྟ་ནས་ད་ལོའི་ཕྱི་ཟླ་ 6 བར་ཐག་གཅོད་ཆེན་པོ་ཞིག་བྱ་དགོས་པ། མཱ་ཁི་རོན་གྱིས་ཡུ་རོབ་མཉམ་འབྲེལ་ལ་བཤད་ཡོད་པའི་གནས་ཚུལ་བཀོད། ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཕྱི་ནས་མི་མང་པོ་ནང་དུ་ཡོང་བཅུག་རྐྱེན། ད་ལྟ་ཡུ་རོབ་དེ་ངོས་འཛིན་མི་ཐུབ་པ་ཞིག་ཏུ་གྱུར་ཡོད་པ་དང་། ཁོ་ཚོས་རང་གི་མཛེས་སྡུག་ལྡན་པའི་ཞིང་སའི་ནང་དུ། རླུང་གློག་གི་འཕྲུལ་ཆས་བཞག་ཡོད། ཁོ་ཚོས་རང་གི་ལམ་ཀ་མེད་པ་བཟོས་ཟིན། དེ་ནས་ཁོ་ཚོ་ང་ལ་དགའ་བཞིན་མེད་པ་རེད། ཡིན་ན་ཡང་། ཡུ་རོབ་ཀྱི་མི་དམངས་ང་ལ་དགའ་བཞིན་ཡོད། དེའི་རྒྱུ་མཚན་ནི་ཁོ་ཚོས་ངས་བཤད་པ་དག་བདེན་པ་ཡིན་པ་ཤེས་ཡོད་ཅེས་བཤད།
ཨ་རིའི་གྲོས་ཚོགས་ཀྱིས། སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས་ཁེ་ན་ཀྲའི་སྟེང་། སྒོ་ཁྲལ་བཀལ་བ་ཕྱིར་ཟློག་རྒྱུའི་ཁྲིམས་འཆར་ལ་རྒྱབ་སྐྱོར་བྱས། མང་གཙོ་ཚོགས་པའི་འཐུས་མི་ཚོའི་སྟེང་སྤྱི་མཐུན་ཚོགས་པའི་འཐུས་མི་ 6 གིས་ཁྲིམས་འཆར་འདི་ལ་རྒྱབ་སྐྱོར་བྱས། ཡིན་ན་ཡང་། ཁྲིམས་འཆར་འདི་ལ་སྲིད་འཛིན་གྱིས་མིང་རྟགས་འགོད་རྒྱུ་ཡིན་པ་ཚོད་དཔག་བྱེད་ཀྱི་མེད། སྒྲོ་ནལ་ཁྲི་རམ་ཕུས། ཁེ་ན་ཀྲའི་ངོས་ནས་འདས་པའི་ལོ་མང་པོའི་རིང་། ཨ་རི་ལ་བརྟེན་ནས་ཁེ་ཕན་ཟས་པ་རེད་ཅེས་སྐྱོན་བརྗོད་བྱས་ཤིང་། སྒོ་ཁྲལ་གྱིས་ཨ་རི་ལ་དངུལ་སྒོར་ཕོན་ཆེན་སྤྲོད་ཀྱི་ཡོད་ཅེས་བ་དང་། ཁྲིམས་འཆར་འདི་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོར་ཉེན་བརྡ་བཏང་།
བྷི་ལུམ་བྷར་གྷི་སྟེང་གནས་ཚུལ་བཀོད་པ་ལྟར་ན། བྱང་ཨ་རིའི་ཚོང་འབྲེལ་རང་དབང་གི་གྲོས་མཐུན་(USMCA)ནས་ཨ་རི་ཕྱིར་འཐེན་རྒྱུར། སྒྲོ་ནལ་ཁྲི་རམ་ཕུས་བསམ་བློ་གཏོང་བཞིན་པ་བཤད།། སྒྲོ་ནལ་ཁྲི་རམ་ཕུས་ཕོ་བྲང་དཀར་པོའི་ལས་བྱེད་ཚོར། རྒྱུ་མཚན་ཅིའི་ཕྱིར་ང་ཚོ་འདིའི་ནང་ནས་ཕྱིར་མ་འཐེན་པ་རེད་ཅེས་བཤད་ཡོད་པའི་གནས་ཚུལ་བཀོད། ཚོང་འབྲེལ་གྲོས་མཐུན་འདི་ནི་མེག་སེ་ཀོ་དང་ཨ་རི། ཁེ་ན་ཀྲ་བཅས་ཀྱི་བར་བཞག་པ་ཞིག་དང་། ད་ལྟ་གྲོས་མཐུན་འདི་མུ་མཐུད་དུ་གནས་ཐུབ་མིན་ཐེ་ཚོམ་གྱི་ཡུལ་དུ་གྱུར། གནས་ཚུལ་འདི་དག་ནི་འཛམ་གླིང་ས་ཁམས་སྲིད་དོན་གྱི་འགྱུར་བའི་ཆ་ཤས་ཆེ་ཤོས་སུ་འགྱུར་རྒྱུ།
