ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་རཱ་ཤི་ཡའི་སྲིད་འཛིན་ཕུ་ཀྲན་གཉིས། རྒྱ་གར་དང་ཨེ་ཤ་ཡའི་མདང་དགོང་ཆུ་ཚོད་ 12:30 ཡས་མས་སུ། ཨ་རིའི་ཨ་ལ་སི་ཀ་མངའ་སྡེའི་དམག་དཔུང་གི་བསྟི་གནས་ཤིག་ཏུ་ཐུག སྒྲོ་ནལ་ཁྲི་རམ་ཕུས། ཕུ་ཀྲན་ལ་ཆེས་མཐོང་གི་ཕྱིར་གདན་དམར་པོ་བཏིང་ཞིང་ཁོ་རང་ཉིད་གནམ་ཐང་དུ་ལངས་ནས་བསྒུགས། ཕན་ཚུན་བར་འཚམས་འདྲི་དང་བཅས་ནང་དུ་འཛུལ། ཞོར་དུ་ཕུ་ཀྲན་ལ་ཨ་རིའི་མཁའ་དམག་གི་ནུས་པའང་བསྟན་ཅིང་། འཐབ་འཛིང་གཏོར་རྒོལ་གནམ་གྲུ་ B-2 ཕུ་ཀྲན་གྱི་མགོ་ཐོག་ནས་འཕུར་ཏུ་བཅུག
ཚོགས་འདུ་མ་ཚོགས་སྔོན་རཱ་ཤི་ཡའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་པི་སི་ཀོ་ཝི་ཡིས། ཚོགས་འདུའི་དུས་ཡུན་ལ་ཆུ་ཚོད་ 6 ནས་ 7 བར་འགོར་སྲིད་པ་བཤད། མཐར་ཆུ་ཚོད་ 3 མ་ཟིན་ཙམ་ཞིག་ཚོགས་མཐར་གྲོལ་ཅིང་། དེའི་མཇུག་ཏུ་སྲིད་འཛིན་གཉིས་ཀྱིས་གསར་འགོད་པ་ཚོར་གཏམ་བཤད་སྤེལ། དོན་དངོས་སུ་ཚོགས་འདུའི་མཇུག་ཏུ་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མི་སྣ་ཚོ་མཉམ་འཛོམས་ཀྱིས་གུང་ཚིགས་ཟ་རྒྱུ་བྱས་ཡོད་ཀྱང་། དེ་ཉིད་གློ་བུར་དུ་ཕྱིར་འཐེན་ཟིན་པ་ཝོལ་ སི་ཀྲི་རི་ཀྲི་གསར་དེབ་ཀྱིས་གནས་ཚུལ་བཀོད་ཅིང་། སྒྲོ་ནལ་ཁྲི་རམ་ཕུ་ཚོགས་འདུའི་མཇུག་ཏུ་མགྱོགས་པོར་ཕྱིར་རྒྱལ་སར་སླེབས། ཁོ་གཉིས་ཀྱིས་གསར་འགོད་པར་བཤད་པའི་སྐད་ཆའི་སྙིང་པོ་དག་འོག་ཏུ་བསྡུས་ཡོད་པ་ནི།
◾ དང་པོ་ཕུ་ཀྲན་གྱིས། ཨ་རི་དང་ཨུ་རུ་སུ་དམར་པོའི་བར་ཡག་པོ་ཅི་ཞིག་བྱུང་ཟིན་པ་སོགས་བསྐྱར་དྲན་དང་། འདས་པའི་ལོ་ངོ་ 4 ཡི་རིང་ཨ་རི་དང་རཱ་ཤི་ཡའི་སྲིད་འཛིན་མ་ཐུག་ཚུལ། སྤྱིར་ཡུ་ཁུ་རན་དང་རཱ་ཤི་ཡ་གཉིས་སྤུན་དང་འབྱུང་ཁུངས་གཅིག་ཡིན་པ་ལ། ད་ལྟ་འབྱུང་བཞིན་པའི་གནས་ཚུལ་འདི་ནི་སྐྱོ་གར་ཞིག་རེད། དེར་བརྟེན་ང་ཚོས་ལྷག་བསམ་རྣམ་དག་གིས་འདི་མཇུག་བསྡུ་འདོད་ཡོད། དེ་དང་མཉམ་དུ་ང་ཚོར་ངེས་ཤེས་གཏིང་ཟབ་རྙེད་ཡོད་པ་ཞིག་ནི། ཕུགས་བརྟན་པའི་ཞི་བདེ་ཞིག་སྐྲུན་ཆེད། “རྙོག་གྲ་འདིའི་རྩ་བ་དག་མེད་པ་བཟོ་དགོས་”པ་དང་། དེ་ནི་རཱ་ཤི་ཡས་རང་གི་བདེ་སྲུང་ཆེད་ལུགས་མཐུན་ངང་སེམས་ཁྲལ་བྱེད་ཡུལ་དེ་ཡིན།
རཱ་ཤི་ཡ་དང་ཡུ་རོབ་ཀྱི་བདེ་སྲུང་ཆ་སྙོམས་བཟོ་རྒྱུ་དང་། དེའི་ཁྲོད་ཡུ་ཁུ་རན་གྱི་བདེ་སྲུང་ལ་རང་བཞིན་གྱིས་ཁག་ཐེག་བྱ་དགོས། ཉེ་དུས་ཀྱི་གྲོས་མོལ་ཡར་རྒྱས་འདི་ཉིད། ཡུ་རོབ་དང་ཡུ་ཁུ་རན་གྱིས་ལོག་སྤྱོད་མི་བྱ་རྒྱུ་གལ་ཆེ་ཞེས་བཤད། སྐབས་འདིར་ཁོས་གློ་བུར་དུ་ཨ་རི་དང་རཱ་ཤི་ཡའི་ཚོང་འབྲེལ་སྐོར་གླེང་འགོ་བཙུགས། ཁོས། ཨ་རིའི་གཞུང་གསར་བ་ཡར་སླེབས་པ་ནས་བཟུང་། ཕྱོགས་གཉིས་ཀྱི་ཚོང་འབྲེལ་ལ་ཡར་རྒྱས་ཡོད་ནའང་། ད་དུང་ཡང་མཚོན་བྱེད་ཙམ་གྱི་ངོ་བོར་ལྷག་ཡོད་པས། མུ་མཐུད་དུ་ཡར་རྒྱས་གཏོང་རྒྱུའི་ཆ་རྐྱེན་ཡོད་པ། རཱ་ཤི་ཡ་དང་ཨ་རིའི་བར་ཚོང་འབྲེལ་དང་འཕྲུལ་རིག མཁའ་དབྱིངས་ཞིབ་འཇུག་སོགས་ཀྱི་ཐད་ནས་ཕན་ཚུན་བར་མཉམ་ལས་བྱ་རྒྱུ་ཡོད་པ།
དེ་བཞིན་ཨར་ཀྲི་ཁི་མཚོའི་ནང་དུ་བདེ་སྲུང་ཐད་ཀྱང་མཉམ་ལས་བྱ་ཆོག་པ་སོགས་བཤད། ད་དུང་ཁོས། ཨ་རིའི་སྲིད་འཛིན་གྱིས་བཅོས་མིན་ངང་རང་གི་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་དོ་སྣང་བྱེད་བཞིན་པ་དང་ལྷན། རཱ་ཤི་ཡ་ལའང་རང་གི་ཁེ་ཕན་ཡོད་པ་ཁོས་ཤེས་ཀྱི་ཡོད། དེར་བརྟེན་ཡུ་ཁུ་རན་གྱི་གནད་དོན་ཙམ་མ་ཡིན་པར། ཚོང་ལས་ཀྱི་གནད་དོན་སོགས་ཀྱི་སྐོར་མཉམ་ལས་བྱ་ཆོག་པ་སོགས་བཤད། མཐའ་མ་དེར་ཁོས། ཕྱི་ལོ་ 2022 ལོར་ཁོས་ཨ་རིའི་གཞུང་སྔོན་མར་ཉེན་བརྡ་ཟིན་ནའང་དེར་་མ་ཉན་ཚུལ། ད་ལྟ་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་རང་ཉིད་ཀྱིས་ཤོད་བཞིན་པ་ལྟར། གལ་སྲིད་སྐབས་དེར་ཁོ་སྲིད་འཛིན་ཡིན་ན་གནས་ཚུལ་འདི་བྱུང་མེད་ཅེས་སོགས་བཤད།
སྙིང་པོ་ད་ལྟ་བར་སྒྲོ་ནལ་ཁྲི་རམ་ཕུས། དམག་འཁྲུག་གི་འབྱུང་རྐྱེན་བྷ་ཀྲན་སྲིད་གཞུང་གི་མགོ་ལ་གཡུག་བཞིན་པ་དང་། གལ་སྲིད་སྐབས་དེར་ཁོ་སྲིད་འཛིན་ཡིན་ན་དམག་འཁྲུག་འདི་བྱུང་མེད་ཚུལ་ཤོད་བཞིན་པ་དེ། ཕུ་ཀྲན་གྱིས་སྒྲོ་ནལ་ཁྲི་རམ་ཕུའི་གདོང་པར་བལྟས་ནས་བདེན་པ་རེད་ཅེས་བཤད། དེའི་རྗེས་སྒྲོ་ནལ་ཁྲི་རམ་ཕུས་སྐད་ཆ་ཐུང་ངུ་ཞིག་བཤད། ཁོས། “གྲོས་མཐུན་ཞིག་མེད་པ་བར་དུ་གྲོས་མཐུན་ཞིག་མི་འདུག་ཅེས་”དང་། ཚོགས་འདུ་འདིའི་ནང་དོན་དག་ཡུ་རོབ་ཀྱི་དབུ་ཁྲིད་ཚོ་དང་ཛེ་ལན་སི་ཀེ ནུབ་ཆིངས་ཀྱི་དབུ་ཁྲིད་ཚོ་བཅས་ལ་བཤད་རྒྱུ་ཡིན། དེ་རིང་རཱ་ཤི་ཡའི་ཚོང་ལས་སྐུ་ཚབ་ཚོད་ཡག་པོ་ཡོད་པ་དང་། ཚང་མས་ང་ཚོ་དང་ལྷན་ཚོང་རྒྱག་འདོད་ཡོད། དེ་རིང་ང་ཚོའི་གྲོས་མོལ་ལ་ཡར་རྒྱས་ཆེན་པོ་འདུག ང་དང་སྲིད་འཛིན་ཕུ་ཀྲན་བར་ནམ་རྒྱུན་འབྲེལ་བ་ཧ་ཅང་ཡག་པོ་ཡོད།
དེ་རིང་ང་ཚོའི་མཉམ་འཛོམས་འདི་གྲུབ་འབྲས་ལྡན་པ་ཞིག་བྱུང་སོང་། ང་ཚོའི་བར་གནད་དོན་མང་པོའི་ཐད་གྲོས་མཐུན་ཟིན་པ་དང་། ད་ལྟ་གྲོས་མ་མཐུན་ས་འགའ་ཤས་ཤིག་ལས་ལྷག་མེད་ལ། དེ་དག་གི་ཁྲོད་ཀྱི་གཅིག་ནི་གལ་ཆེ་ཤོས་(མེ་མཚམས་འཇོག་རྒྱུ་)དེ་རེད། ཡིན་ན་ཡང་། ང་ཚོས་འདིའི་ཐད་གྲོས་མཐུན་འཇོག་ཐུབ་པའི་གོ་སྐབས་ཆེན་པོ་འདུག ད་ལྟ་ང་ཚོས་འདི་སྒྲུབ་ཐུབ་མ་སོང་། བདུན་ཕྲག་རེར་མི་སྟོང་ཕྲག་རེ་གསོད་བཞིན་པ་འདི་ང་ལ་མཚམས་འཇོག་འདོད་པ་ཡོད་པ་བཞིན། སྲིད་འཛིན་ཕུ་ཀྲན་ལའང་མཚམས་འཇོག་འདོད་་ཡོད་པས། གཅིག་བྱས་ན་སླར་ཡང་མགྱོགས་པོར་སྐད་ཆ་བཤད་ཡོང་ཞེས་བཤད། དེ་མ་ཐག་ཕུ་ཀྲན་གྱིས་དབྱིན་སྐད་ནང་དུ། ཐེངས་རྗེས་མར་མོ་སི་ཁོ་རུ་ཡིན། ཞེས་བཤད།
♦️ བསམ་ཚུལ་དང་གང་ཞིག་མཐོང་ཟིན་པ།
དང་པོ། ཕུ་ཀྲན་གྱིས་དབྱིན་སྐད་ཤེས་ཀྱང་བཤད་པ་དཀོན། དེ་རིང་ཁོས་ཆེད་དུ་དབྱིན་སྐད་ཐུང་ཞིག་བཤད། ཡ་མཚན་པ་ཞིག་ལ་འདི་འདྲར་ཚོར་བ་རྣོ་བའི་སྒྲོ་ནལ་ཁྲི་རམ་ཕུ་འདིས་དགའ་རུ་བཅུག ཕུ་ཀྲན་གྱིས་སྒྲོ་ནལ་ཁྲི་རམ་ཕུ་ལ། ཕྱི་ལོ་ 2022 ལོར་ཁྱེད་རང་སྲིད་འཛིན་ཡིན་ན། དམག་འཁྲུག་འདི་བྱུང་མེད་ཅེས་བཤད་ཅིང་། སྐད་ཆ་འདི་ནི་སྒྲོ་ནལ་ཁྲི་རམ་ལ་མཚོན་ན། ཁོའི་སྐད་ཆ་དེ་བདེན་པ་ཡིན་པ་གཞུང་འབྲེལ་ངང་ཁས་བླངས་ཟིན་པ་ལྟ་བུ་གྱུར་ཟིན་ཅིང་། དེས་ཀྱང་ཁོ་དགའ་རུ་བཅུག་ཟིན་པ་བཤད་མི་དགོས། ཚོགས་འདུའི་རྗེས་སུ་ཧྥོག་སི་གསར་ཁང་གིས་ཁོ་ལ་བཅར་འདྲིའི་སྐབས་སུ། ཁོས། སྐད་ཆ་འདི་ཕུ་ཀྲན་གྱི་ཁ་ནས་གོ་བར་ཧ་ཅང་དགའ་སོང་ཞེས་བཤད།
དེ་བཞིན་སྒྲོ་ནལ་ཁྲི་རམ་ཕུས། རཱ་ཤི་ཡ་ནི་རྒྱལ་ཁབ་སྟོབས་ཆེན་པོ་ཞིག་དང་། ཡུ་ཁུ་རན་དེ་འདྲ་ཞིག་མིན་ཚུལ་གྱི་སྐད་ཆ་དག་ཡང་བསྐྱར་བཤད་འགོ་བཙུགས། གཞན་ཡང་ཁོས། དེ་རིང་གི་ཚོགས་འདུ་ཡག་པོ་བྱུང་སོང་བས། ད་ལྟ་རཱ་ཤི་ཡའི་སྟེང་ཉེས་ཆད་འགེལ་རྒྱུར་བསམ་བློ་གཏོང་བཞིན་མེད། དེའི་སྐོར་འབྱུང་འགྱུར་བདུན་ཕྲག་ 2 དང་ 3 ནང་བསམ་བློ་གཏོང་ཆོག་ཅེས་བཤད། རཱ་ཤི་ཡའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ། བུད་མེད་ཛ་ཁ་རོ་ཝ་ཡིས། འདས་པའི་ལོ་ངོ་ 3 རིང་ལ་ནུབ་ཕྱོགས་ཀྱི་གསར་ཁང་དག་གིས། ཕུ་ཀྲན་ཁེར་རྐྱང་ངང་ལྷག་ཡོད་པ་བཤད་ནས་ཡོང་བ་རེད། དེ་རིང་རཱ་ཤི་ཡའི་སྲིད་འཛིན་གྱི་མདུན་ལ་གདན་དམར་པོ་བཏིང་ཞིང་། ཨ་རིའི་ས་ཐོག་ཏུ་གདན་འདྲེན་ཞུས་སོང་བ་ཁོ་ཚོས་མཐོང་ཡོད་རྒྱུ་རེད་ཅེས་བཤད།
ཕུ་ཀྲན་གྱིས། དམག་འཁྲུག་གི་རྩ་བའི་རྒྱུ་རྐྱེན་དག་མེད་པ་བཟོ་རྒྱུ་དང་། ཡུ་ཁུ་རན་དང་རཱ་ཤི་ཡ་གཉིས་སྤུན་དང་འབྱུང་ཁུངས་གཅིག་རེད་ཅེས། ལོ་རྒྱུས་ཀྱི་སྟེང་དུ་ཡུ་ཁུ་རན་ཟེར་བ་ཞིག་ཟུར་དུ་མེད་པའི་ཁོའི་སྐད་ཆ་དེ། སྒྲོ་ནལ་ཁྲི་རམ་ཕུའི་གདོང་པར་བཤད་ཅིང་། དེ་བཞིན་ཕུ་ཀྲན་ཕར་མ་སོང་སྔོན་དུ། ཕུ་ཀྲན་གྱིས་ཐེངས་འདིར་ལོ་རྒྱུས་ཀྱི་སྟེང་དུ། ཡུ་ཁུ་རན་དང་རཱ་ཤི་ཡ་གཅིག་ཡིན་པ་ལས། ཡུ་ཁུ་རན་ཟེར་བ་ཞིག་ཟུར་དུ་མེད་པའི་ཁུངས་སྐྱེལ་ལོ་རྒྱུས་ཡིག་ཆ་མང་པོ་ཞིག སྒྲོ་ནལ་ཁྲི་རམ་ཕུ་ལ་སྟོན་ཆེད་འཁྱེར་རྒྱུ་ཡིན་པའི་གནས་ཚུལ་ཞིག་ཀྱང་ཁྱབ། དེའི་རྗེས་སུ་ཕུ་ཀྲན་དང་སྒྲོ་ནལ་ཁྲི་རམ་ཕུ་བར་སྒེར་ནས་ཐུག་སྐབས། ཕུ་ཀྲན་གྱི་ཅོག་ཙེ་རོའུ་ཀྲར་གསར་ཤོག་གིས་པར་བླངས་ཡོད་པ་ལྟར་ན། ཁོ་འདུག་སའི་ཅོག་ཙེའི་སྟེང་དུ་ཡིག་ཆ་མང་པོ་ཞིག་ཡོད་པ་མཐོང་ཐུབ་ཅིང་། འགའ་ཤས་ཀྱིས་ཡིག་ཆ་དེ་དག་རེད་ཅེས་ཀྱང་བཤད།
ཕུ་ཀྲན་གྱིས་ཡིག་ཆ་དེ་འདྲ་ཞིག་བསྟན་ཡོད་མེད་བདེན་མིན་མི་ཤེས་ཀྱང་། བསྟན་ཡོད་ནའང་ཁོས་དེ་དག་ཕྱི་ལ་བསྟན་པ་ཐེངས་དང་པོ་མ་རེད། སྒྲོ་ནལ་ཁྲི་རམ་ཕུའི་རྒྱལ་སྲུང་སློབ་སྟོན་པ་ཟུར་བ་རྗོན་ བྷོལ་ཀྲོན་གྱིས། ཕུ་ཀྲན་གྱིས་རཱ་ཤི་ཡ་དང་ཨ་རིའི་འབྲེལ་བ་ཟེར་དུས། དོན་དངོས་སུ་ཁོས་སྒྲོ་ནལ་ཁྲི་རམ་ཕུ་དང་རཱ་ཤི་ཡའི་འབྲེལ་བ་ཟེར་གྱི་ཡོད་པ་རེད་ཅེས་བཤད། སྐད་ཆ་འདི་ལ་རྒྱུ་མཚན་ཆེན་པོ་ཡོད་པ་འདོད་དེ། སྒྲོ་ནལ་ཁྲི་རམ་ཕུས། ཨ་རི་དང་རྒྱལ་ཁབ་གཞན་གྱི་འབྲེལ་བའི་ངོ་བོ་དེ་ཐབས་བྱུས་དང་། ས་ཁམས་ཆབ་སྲིད་ཀྱི་ཐད་ནས་ལྟ་རྒྱུའི་ཚབ་ཏུ། ཁོ་རང་མི་སྒེར་དང་རྒྱལ་ཁབ་གཞན་དེའི་ཆབ་སྲིད་པའམ། དབུ་ཁྲིད་བར་གྱི་འབྲེལ་བའི་ངོ་བོ་ནས་ལྟ་སྟངས་ཤུགས་ཆེན་ཞིག་ཡོད་པ་ཚང་མར་རྒྱུས་ཡོད་ཡིན་པས། ཕུ་ཀྲན་གྱིས་འདི་བེད་སྤྱོད་ཡག་པོ་བྱས་སོང་ཞེས་བཤད་ཐུབ།
ཕུ་ཀྲན་གྱིས། ཆབ་སྲིད་ཀྱི་དུས་ཡུན་ཐུང་ན་ཕྱི་ལོ་ 2028 བར་མ་གཏོགས་མེད་པ་དང་། རིང་ན་ལོ་ངོ་ 10 ལས་ལྷག་མེད་པའི་སྒྲོ་ནལ་ཁྲི་རམ་ཕུ་ལྷན། ཨ་རི་དང་རཱ་ཤི་ཡའི་བར་ཕུགས་རྒྱང་རིང་བའི་ཐབས་བྱུས་གྲོགས་པོའམ། མཐའ་ན་ཚོང་འབྲེལ་ངོ་མ་ཞིག་འཛུགས་རྒྱུ་རེད་ཟེར་ན་དེར་ཡིད་ཆེས་ཆོག་པའི་གཞི་གང་ཡང་མི་འདུག་ལ། སྒྲོ་ནལ་ཁྲི་རམ་ཕུ་སྒེར་གྱི་སྲིད་བྱུས་དང་ལྟ་ཚུལ་གང་འདྲ་ཞིག་ཡིན་ནའང་། ཨ་རིའི་དབང་ཆའི་གྲུབ་ཚུལ་(Establishment)གྱི་ངོས་ནས། ཕུ་ཀྲན་གྱི་དབང་སྒྱུར་འོག་གི་རཱ་ཤི་ཡ་ནི། དཔལ་འབྱོར་གྱི་ཐད་ནས་གལ་ཆེན་ཞིག་མིན་པ་ལ། དམག་དོན་གྱི་ཐད་ནས་ཁ་གཏད་ཅིག་ལས། ལམ་ཐག་རིང་གི་གྲོགས་པོ་ཞིག་ཏུ་འགྱུར་རྒྱུར་ཡིད་ཆེས་རྦད་དེ་མེད་ལ། ཕུ་ཀྲན་དང་དེའི་མཐའ་འཁོར་གྱི་མི་ཚོས་ཀྱང་དེ་ཤེས་ཡོད།
ཕུ་ཀྲན་དང་ཁོའི་མཐའ་འཁོར་གྱི་ཨུ་རུ་སུ་དམར་པོའི་ལས་བྱེད་ཟུར་བ་འདི་དག་གིས། ཨ་རི་ནི་ཁོ་ཚོའི་གྲོགས་པོ་ཞིག་ཏུ་ཇི་ལྟར་མཐོང་གི་མེད་པ་ནི། ཕྱི་ལོ་ 2007 ལོའི་མཇར་མན་གྱི་མུ་ནེ་ཁི་གྲོང་ཁྱེར་དུ་གཏམ་བཤད་སྐབས་གསལ་བོར་བཟོས་ཟིན་ལ། དོན་དངོས་སུ་ཁོའི་གཏམ་བཤད་འདི་ནི། རཱ་ཤི་ཡའི་ཕྱི་སྲིད་ལ་འགྱུར་བ་མངོན་གསལ་དུ་ཐེབས་པའི་དཀྱོག་མཚམས་གལ་ཆེ་ཤོས་སུ་ཆེད་མཁས་པས་འདོད། ཇི་ལྟར་ཡང་སྙིང་པོ་ནི། ཕུ་ཀྲན་གྱིས་ཐེངས་འདིར་སྒྲོ་ནལ་ཁྲི་རམ་ཕུ་ལ། ཚོང་འབྲེལ་སྐོར་གླེང་། དམག་དོན་མཉམ་ལས་སྐོར་བཤད་པ་སོགས། ང་ཚོར་ཡུ་ཁུ་རན་ལས་ལྷག་ཅིག་དང་། ང་ཚོའི་བར་དེ་ལས་ཆེ་བ་བཤད་རྒྱུ་ཡོད་པའི་རྣམ་འགྱུར་བསྟན་ཅིང་། སྒྲོ་ནལ་ཁྲི་རམ་ཕུས་ཀྱང་ང་ཚོས་གནད་དོན་ཆེན་པོ་མང་པོའི་ཐད་གླེང་ཟིན་ལ་བསམ་ཚུལ་ཡང་མཐུན་སོང་ཞེས་བཤད།
