Homeརྒྱལ་སྤྱི།ཡུ་རོབ།ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

Date:

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། དམག་འཁྲུག་འདི་མཚམས་འཇོག་ཐབས་དང་འབྲེལ། ཡིག་ཆ་དོན་ཚན་ 28 ཅན་ཞིག་བཟོ་བཞིན་པ་དང་། འདིའི་ཆེད་རཱ་ཤི་ཡ་དང་ཡུ་ཁུ་རན། ཡུ་རོབ་རྒྱལ་ཁབ་དག་དང་ལྷན་གསང་བའི་ངང་གྲོས་མོལ་བྱེད་བཞིན་པ་བཤད།

•. མདང་དགོང་རཱ་ཤི་ཡའི་གཏོར་རྒོལ་གནམ་གྲུ་ Tu-95MS དང་། གཏོར་རྒོལ་གནམ་གྲུ་ Tu-160 སོགས་ཀྱིས་གཏོར་རྒོལ་ཆེད་གྲ་སྒྲིག་བྱེད་བཞིན་པའི་གནས་ཚུལ་ཐོན་ཅིང་། ཆུ་ཚོད་ 48 ནང་གནམ་གྲུ་འདི་དག་གིས་གཏོར་རྒོལ་འགོ་འཛུགས་རྒྱུ་ཡིན་པ་ཡུ་ཁུ་རན་གྱིས་ཚོད་དཔག་བྱས། ཚོད་དཔག་ལྟར་ཆུ་ཚོད་ 48 ཀྱང་མ་འགོར་བར་གཏོར་རྒོལ་འགོ་བཙུགས། ཐེངས་འདིར་རཱ་དམག་གིས། ཁཱ་ལེ་བྷར་འཕུར་མདའ་སོགས་འཕུར་མདའ་ 48 དང་། སྒྲི་རོན་ 476 བཏང་ནས་ཡུ་ཁུ་རན་གྱི་ས་ཁུལ་དག་ལ་གཏོར་རྒོལ་དྲག་པོ་བྱས།

•. ཐེངས་འདིར་གཙོ་བོ་ཡུ་ཁུ་རན་གྱི་ཤར་ཕྱོགས་གྲོང་ཁྱེར་ཁར་ཁེ་ཝུ་དང་། ནུབ་ཕྱོགས་ས་ཁུལ་ལི་ཝེ་ཝི་བཅས་ལ་གཏོར་རྒོལ་ཐེབས་ཤིང་།ཐེངས་འདིའི་གཏོར་རྒོལ་ཁྲོད་མི་ 16 བསད་ཅིང་གཞན་ 113 ལ་རྨས་སྐྱོན་བཟོས། ཁར་ཁེ་ཝུ་གྲོང་ཁྱེར་དུ་གས་འཐོར་ཐེངས་ 17 བྱུང་། ས་ཁུལ་མང་པོའི་གློག་ཁང་ལ་གཏོར་རྒོལ་གྱིས་གློག་བཅད་ཅིང་། ལི་ཝེ་ཝི་ས་ཁུལ་གྱི་བཟོ་གྲྭ་ཆེན་པོ་དང་། ཅ་དངོས་མཛོད་ཁང་སོགས་ལ་གཏོར་རྒོལ་གྱིས། དུ་ནག་གིས་གྲོང་ཁྱེར་གྱི་མཁའ་དབྱིངས་བསྒྲིབས། འདི་ནི་ཉིན་གཅིག་རིང་གཏོར་རྒོལ་བྱས་པ་གཞི་རྒྱ་ཆེ་ཤོས་ཤིག་ཏུ་གྱུར།

•. དམག་འཁྲུག་འགོ་བཙུགས་པ་ནས། རཱ་ཤི་ཡས་རཱ་དམག་གིས་བཟུང་ཟིན་པའི་ཡུ་ཁུ་རན་གྱི་ས་ཁུལ་དག་ནས། དམག་མི་གྲངས་ 46,000 བསྡུས་ཟིན་པའི་གནས་ཚུལ་ཐོན། གལ་སྲིད་ཕུ་ཀྲན་གྱིས་ཡུ་ཁུ་རན་ཧྲིལ་བོ་བཟུང་ཚེ། ཁོས་ཡུ་ཁུ་རན་གྱི་དམག་མི་དག་ཡུ་རོབ་ལ་རྒོལ་ཆེད་བེད་སྤྱོད་བྱ་ཆོག་པ་དང་། ཁོ་ཚོ་ནི་གཡུལ་ས་དངོས་ཀྱི་སྦྱོང་བརྡར་ཐོབ་པའི་དམག་དཔུང་སྟོབས་ཆེན་ཞིག་ཡིན་པས། ཡུ་རོབ་གླིང་ལ་ཉེན་ཁ་ཆེ་ཤོས་ཤིག་ཏུ་འགྱུར་རྒྱུ་དང་། ཡུ་རོབ་ཀྱི་ཆབ་སྲིད་པ་ཚོས་ཀྱང་། འབྱུང་སྲིད་པའི་སྣང་ཚུལ་འདི་མཐོང་ཡོད་པ་གསལ།

•. མདང་དགོང་ཡུ་དམག་གིས། རཱ་ཤི་ཡའི་རྒྱལ་ནང་ལ་མཁའ་ཐོག་ནས་གཏོར་རྒོལ་ཁྲོད། ཨ་རིའི་འཕུར་མདའ་ཨ་ཀྲ་ཀམ་སི་བེད་སྤྱོད་བྱས་ཟིན་པ་ཡུ་ཁུ་རན་གྱིས་བསྒྲགས་ཤིང་། ཐེངས་འདིར་རཱ་དམག་གི་སྦྱོང་བརྡར་ལྟེ་གནས་དང་། དམིགས་འབེན་གཞན་དག་ལ་གནད་ལ་འཕོག་པའི་གཏོར་རྒོལ་ཐུབ་ཡོད་པ་བསྒྲགས། རཱ་ཤི་ཡའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་པི་སི་ཀོ་ཝི་ཡིས། ཡུ་དམག་གིས་ཨ་རིའི་འཕུར་མདའ་ 4 འཕངས་ཟིན་པ་ལ། ཚང་མ་རཱ་ཤི་ཡའི་གནམ་སྲུང་མ་ལག་ S-400 གིས་བཀག་ཟིན་པ་བཤད།

•. ཡུ་དམག་གིས། རཱ་ཤི་ཡའི་རེ་ཛན་ས་ཁུལ་གྱི་གློག་ཁང་ཆེན་པོ་ཞིག་དང་། ཁི་ར་སི་ནོ་རྡར་ས་ཁུལ་གྱི་རྡོ་སྣུམ་བཟོ་གྲྭ་ཞིག་ལ་གཏོར་རྒོལ་བྱས་ཟིན་པའི་གནས་ཚུལ་ཐོན། ཉེ་དུས་ཡུ་དམག་གིས་རེ་ཛན་ས་ཁུལ་གྱི་རྡོ་སྣུམ་བཟོ་གྲྭ་ཆེ་ཤོས་ཤིག་ལ་གཏོར་རྒོལ་བྱས་ཟིན་པ་ལྟར། ད་ལྟ་བཟོ་གྲྭ་འདི་ནས་རྡོ་སྣུམ་ཐོན་སྐྲུན་མཚམས་བཞག་ཟིན་པ་དང་། མ་མཐའ་ཡང་ཟླ་བ་འདིའི་མཇུག་བར་དུ་ལས་ཀ་བསྐྱར་གསོ་མི་ཐུབ་པ་བཤད།

•. དེ་རིང་ཛེ་ལན་སི་ཀེ་དང་ཁོའི་ཆེས་མཐོའི་ལས་བྱེད་ཡེར་མག བདེ་སྲུང་དྲུང་ཆེ་ཨུ་མེ་རོ་ཝི་བཅས་ཏུར་ཀེར་སླེབས། དེ་དང་ལྷན་ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུའི་དམིགས་བསལ་སྐུ་ཚབ། ཝེ་ཀྲི་ཀོ་ཧྥིའང་དེར་སླེབས། རཱ་ཤི་ཡའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པས། ང་ཚོར་འདིའི་སྐོར་གནས་ཚུལ་གང་ཡང་མ་འབྱོར་བས་རཱ་ཤི་ཡས་རང་གི་སྐུ་ཚབ་གཏོང་རྒྱུ་མིན་ཞེས་བཤད། ཧྥ་རན་སིས་འབྱུང་འགྱུར་ལོ་ངོ་ 10 ཡི་ནང་། ཡུ་ཁུ་རན་ལ་འཐབ་འཛིང་གནམ་གྲུ་རཱ་ཧྥེལ་གྲངས་ 100 འཚོང་རྒྱུའི་ཡིག་ཆ་བཞག་ཟིན་པ་ལྟར། ཁོས། ཧྥ་རན་སིས་ཡུ་ཁུ་རན་ལ་འཐབ་འཛིང་གནམ་གྲུ་བཙོང་ནའང་། དེས་གཡུལ་སའི་གནས་སྟངས་ལ་འགྱུར་བ་གང་ཡང་གཏོང་མི་ཐུབ་ཅེས་བཤད།

•. ཨེག་སོ་སི་སྟེང་གནས་ཚུལ་བཀོད་པ་ལྟར་ན། ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། དམག་འཁྲུག་འདི་མཚམས་འཇོག་ཐབས་དང་འབྲེལ། ཡིག་ཆ་དོན་ཚན་ 28 ཅན་ཞིག་བཟོ་བཞིན་པ་དང་། འདིའི་ཆེད་རཱ་ཤི་ཡ་དང་ཡུ་ཁུ་རན། ཡུ་རོབ་རྒྱལ་ཁབ་དག་དང་ལྷན་གསང་བའི་ངང་གྲོས་མོལ་བྱེད་བཞིན་པ་བཤད། ཡིག་ཆ་འདིའི་ནང་དུ་གཙོ་བོ་དམག་མཚམས་འཇོག་ཐབས་དང་། འབྱུང་འགྱུར་ཡུ་རོབ་ཀྱི་བདེ་སྲུང་། ཨ་རི་དང་རཱ་ཤི་ཡའི་བར་ཚོང་འབྲེལ་སོགས་འཛུགས་རྒྱུ་ཚུད་ཡོད་པ། གོང་གི་གནས་ཚུལ་ཡོང་ཁུངས་འདིས་བཤད། དེ་དང་ལྷན་ཨ་རིའི་དམག་དོན་དྲུང་ཆེ་སྒྲི་རེ་སི་ཀོལ་(Dan Driscoll)ཡུ་ཁུ་རན་ལ་འགྲོ་བཞིན་པ། ཝོལ་སི་ཀྲི་རི་ཀྲི་གསར་དེབ་སྟེང་གནས་ཚུལ་བཀོད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག