Homeརྒྱལ་སྤྱི།ཡུ་རོབ།ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

Date:

འཁོར་སྐར་བརྒྱུད་ནས་མཐོང་བ་ལྟར་ན། ཡུ་དམག་གིས་ད་ལྟ་བར་རཱ་ཤི་ཡའི་རྒྱལ་ནང་ལ་གཏོར་རྒོལ་ཁྲོད། ཐབས་བྱུས་ཀྱི་ཆ་ནས་གལ་ཆེན་ཡིན་པའི་རཱ་ཤི་ཡའི་རྡོ་སྣུམ་བཟོ་གྲྭ་དང་མཛོད་ཁང་། གོ་ལག་བཅས་ཀྱི་བརྒྱ་ཆ་ 50% ལ་གཏོར་རྒོལ་ཐེབས་ཟིན་པ་བཤད།

གཟའ་མིག་དམར་ཉིན་ཨ་རིའི་སྲིད་འཛིན་གྱི་སྐུ་ཚབ་དང་། རཱ་ཤི་ཡའི་སྲིད་འཛིན་ཕུ་ཀྲན་བཅས་ཐུག་ཟིན་པ་དང་། སྐབས་དེར་དམིགས་བསལ་ཐག་གཅོད་ཆེན་པོ་གང་ཡང་མ་བྱུང་བ་ལྟར། དེ་རིང་གཟའ་ཕུར་བུའི་ཉིན། ཡང་བསྐྱར་སྒྲོ་ནལ་ཁྲི་རམ་ཕུའི་སྐུ་ཚབ་དང་། ཡུ་ཁུ་རན་གྱི་སྐུ་ཚབ་བཅས། ཨ་རིའི་མཱ་ཡ་མེ་གྲོང་ཁྱེར་དུ་ཐུག་རྒྱུ་ཡིན་པའི་གནས་ཚུལ་ཐོན། དབྱིན་ཇིའི་ནོར་སྲི་དུས་བབ་ལྟར་ན། སྒྲོ་ནལ་ཁྲི་རམ་ཕུའི་སྐུ་ཚབ་ཝེ་ཀྲི་ཀོ་ཧྥི་ཡིས། རཱ་ཤི་ཡའི་ལས་བྱེད་ཚོ་དང་ལྷན་ཐུག་དུས་འཛུམ་མདང་དང་། དགའ་བའི་རྣམ་འགྱུར་སྟོན་བཞིན་པ་དང་། ཡུ་ཁུ་རན་གྱི་སྐུ་ཚབ་དང་ཐུག་དུས་ཐད་ཀར་ཕན་གྱི་གདོང་ལ་མི་ལྟ་བ་སོགས། རྣམ་འགྱུར་གྲང་མོ་ཞིག་སྟོན་བཞིན་པ་བཤད།

ད་ལྟའི་གྲོས་མོལ་གྱི་གནས་སྟངས་ཡག་པོ་མེད་པས། ཡུ་རོབ་རྒྱལ་ཁབ་ཚོས་ཡུ་ཁུ་རན་ལ་རོགས་སྐྱོར་ཤུགས་ཆེ་རུ་གཏོང་བཞིན་པ་གསལ།
མཇར་མན་གྱིས་ཡུ་ཁུ་རན་ལ་དམག་དོན་རོགས་སྐྱོར་གསར་བ་ཨ་སྒོར་ས་ཡ་ $200 དང་། ཡུ་ཁུ་རན་ལ་ཨ་རིའི་གོ་ལག་ཉོ་ཆེད་ཡུ་སྒོར་ས་ཡ་
€20 ། ཨེར་ལན་ཀྲི་རྒྱལ་ཁབ་ཀྱིས་ཡུ་ཁུ་རན་ལ་དམག་དོན་རོགས་སྐྱོར་ཡུ་སྒོར་ས་ཡ་ €100 ། ཁེ་ན་ཀྲ་གཞུང་གིས་ཡུ་ཁུ་རན་ལ་དམག་དོན་རོགས་སྐྱོར་ཨ་སྒོར་ས་ཡ་ $200 བཅས་སྤྲད་རྒྱུ་དང་། དེ་ལྟར་ན་འདས་པའི་ཟླ་བ་ 6 རིང་། ཁེ་ན་ཀྲས་ཡུ་ཁུ་རན་ལ་དམག་དོན་རོགས་སྐྱོར་ཨ་སྒོར་ས་ཡ་ $890 སྤྲད་ཟིན་པ་གསལ། 

ཡུ་རོབ་རྒྱལ་ཁབ་ཚོས་ཨ་རིའི་གོ་ལག་ཉོས་ནས་ཡུ་ཁུ་རན་ལ་གཏོང་བཞིན་པ་ལྟར། ད་ལྟ་ལས་གཞི་འདིའི་ཁྲོད་ཨོ་སི་ཁྲོ་ལི་ཡ་དང་ནེའུ་ཛེ་ལན་ཀྲི་གཉིས་ཀྱང་ཞུགས་བཞིན་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཡུ་ཁུ་རན་ལ་རོགས་སྐྱོར་ཆེད། ཨ་སྒོར་ས་ཡ་ $63 གཏོང་བཞིན་པ་བཤད། དེ་བཞིན་གསར་འགོད་པས་ནུབ་ཆིངས་དྲུང་ཆེ་ལ། གལ་སྲིད་ཨ་རིས་ཡུ་རོབ་ལ་གོ་ལག་འཚོང་རྒྱུ་མཚམས་བཞག་ཚེ། ནུབ་ཆིངས་ཀྱི་འཆར་གཞི་གཉིས་པ་དེ་ཅི་ཞིག་ཡིན་ཞེས་དྲིས་པར། ཁོས། འཆར་གཞི་གཉིས་པ་ཞིག་གི་སྐོར་ལ་བསམ་བློ་གཏོང་མི་དགོས་ཞེས་བཤད། ཡིན་ན་ཡང་། དྲི་བ་འདིས་ཁོའང་རེ་ཞིག་ཐེ་ཚོམ་ནང་གཡུག

ཡུ་རོབ་ཀྱིས་ཁོ་ཚོའི་དངུལ་ཁང་དུ་བཀག་ཡོད་པའི་རཱ་ཤི་ཡའི་དངུལ་སྒོར་དག་ཡུ་ཁུ་རན་ལ་གཏོང་རྒྱུའི་ཐད། ད་ལྟ་སྐད་ཆ་ཤུགས་ཆེན་འབྱུང་བཞིན་པ་ལྟར། དངུལ་སྒོར་མང་ཤོས་ཡོད་སའི་སྦེལ་རྗེམ་གྱི་ཕྱི་སྲིད་བློན་ཆེན་གྱིས། རཱ་ཤི་ཡ་དམག་འཁྲུག་འདིའི་ཁྲོད་ནས་ཕམ་རྒྱུ་ཡིན་པར་འདོད་པ་ནི། སྒྲུང་དང་འཕྲུལ་སྣང་རེད། དམག་འཁྲུག་མཚམས་བཞག་རྗེས། དངུལ་སྒོར་འདི་ཕྱིར་རཱ་ཤི་ཡར་སྤྲོད་དགོས་པ་རེད་ཅེས་བཤད།

ཡུ་རོབ་མཉམ་འབྲེལ་གྱིས། གལ་སྲིད་རཱ་ཤི་ཡའི་དངུལ་སྒོར་གཏོང་མ་ཐུབ་ཚེ། ཡུ་ཁུ་རན་ལ་ཡུ་སྒོར་ཐེར་འབུམ་ €90 བུ་ལོན་དུ་གཡར་རྒྱུ་དང་། དེས་འབྱུང་འགྱུར་ལོ་ངོ་ 2 རིང་གི་ཡུ་ཁུ་རན་གྱི་འགྲོ་གྲོན་གྱི་གསུམ་ཆ་གཉིས་ཟིན་ཐུབ་པ་བཤད། དེ་བཞིན་རཱ་ཤི་ཡའི་དངུལ་སྒོར་གཏོང་རྒྱུ་སྦེལ་རྗམ་གྱིས་བཀག་ཚེ། ཡུ་རོབ་རྒྱལ་ཁབ་ཚོས་མང་མོས་འོས་བསྡུ་བརྒྱུད་ནས། དངུལ་སྒོར་འདི་གཏོང་རྒྱུ་ཐག་གཅོད་བྱ་རྒྱུ་ཡིན་པ། ཡུ་རོབ་མཉམ་འབྲེལ་གྱི་དབུ་ཁྲིད་ལྕམ་ཝོན་སྒྲེར་ལེ་ཡན་གྱིས་བཤད།

གནས་ཚུལ་འདིའི་ཐད་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས། ཕྱོགས་ཚང་མས་དཀའ་རྙོག་འདི་ཆབ་སྲིད་ཀྱི་ལམ་ནས་སེལ་ཐབས་འཚོལ་དགོས་པ་དང་། ཞི་བདེ་སྐྲུན་རྒྱུའི་འཁོར་ཡུག་བཟོ་དགོས་པ་རེད། ལམ་ཀ་གཞན་ལ་འགྲོ་མི་འོས་ཞེས། ཡུ་རོབ་ཀྱི་འཆར་གཞི་འདི་དག་ལ་སྐྱོན་བརྗོད་བྱས། དེ་བཞིན་ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་རྒྱ་ནག་ཏུ་སླེབས་ཤིང་ཞེ་ཅེན་ཕིན་དང་ལྷན་ཐུག ཐེངས་འདིར་ཁོས་ཞེ་ཅེན་ཕིན་ལ། དམག་འཁྲུག་འདི་མཚམས་འཇོག་ཐབས་ཐད་རོགས་བྱ་རྒྱུའི་འབོད་སྐུལ་ཞུ་བཞིན་པ་གསལ། ཡིན་ན་ཡང་། དེ་ལ་གྲུབ་འབྲས་ཤག་ཡོད་པ་དབྱེ་ཞིབ་པ་ཚོས་མི་འདོད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག