Homeརྒྱལ་སྤྱི།ཡུ་རོབ།ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

Date:

བདུན་ཕྲག་འདིའི་གཟའ་ཉི་མའི་ཉིན། ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་། ཡུ་ཁུ་རན་གྱི་སྲིད་འཛིན་ཛེ་ལན་སི་ཀེ་གཉིས་ཨ་རིའི་ཧྥི་ལོ་ར་སྒྲ་མངའ་སྡེར་ཐུག་ཡིན་པའི་གནས་ཚུལ་ཐོན། ཛེ་ལན་སི་ཀེ་ཡིས། ལོ་སར་སྔོན་དུ་ལས་ཀ་ཆེན་པོ་ཞིག་འགྲུབ་ཐུབ་པའི་རེ་བ་ཡོད་ཅེས་བཤད།

•. རཱ་དམག་གིས། ཡུ་ཁུ་རན་གྱི་ལྷོ་ཕྱོགས་མངའ་སྡེ་རྫ་པུ་རི་ཆིའི་གྲོང་བརྡལ། ཧུ་ལའེ་ཕོ་ལེ་(Huliaipole)ཞེས་པར་གློ་བུར་དུ་ཚུར་རྒོལ་དྲག་པས་མདུན་བསྐྱོད་ངེས་ཅན་ཐུབ་ཅིང་། གྲོང་བརྡལ་སྲུང་མཁན་གྱི་ཡུ་དམག་བྲེལ་འཚུབ་ཀྱིས་ཕྱིར་འཐེན་པས། གྲོང་བརྡལ་འདིའི་གཡུལ་སའི་བཀོད་འདོམ་ཁང་རཱ་དམག་གིས་བཟུང་ཞིང་། དེར་གློག་ཀླད་དང་བརྡ་གཏོང་ཡོ་ཆས། ཡིག་ཆ་དང་ས་ཁྲ་སོགས་ཕོན་ཆེན་ཞིག་རཱ་དམག་གི་ལག་ཏུ་ཤོར། རཱ་དམག་གིས་དེ་དང་མཐུན་པའི་བརྙན་ཞིག་ཀྱང་ཕྱིར་བཀྲམས། འདི་ནི་ཧ་ཅང་ཉེན་ཁ་ཅན་ཞིག་ཡིན་པ་ཡུ་ཁུ་རན་གྱི་དྲྭ་ལམ་དུ་བསྒྲགས།

•. ཡུ་ཁུ་རན་གྱི་སྲིད་འཛིན་ཛེ་ལན་སི་ཀེ་ཡིས། རཱ་དམག་གིས་ཡུ་ཁུ་རན་གྱི་གློག་ཁང་སོགས་ལ་གཏོར་རྒོལ་ཐུབ་ཆེད། དམིགས་འབེན་དག་རྒྱ་ནག་གི་འཁོར་སྐར་བརྒྱུད་ནས་འཚོལ་བཞིན་པ་དང་། རྒྱ་ནག་གི་འཁོར་སྐར་གྱིས་པར་བླངས་པ་དང་། རཱ་དམག་གིས་གཏོར་རྒོལ་བྱ་ཡུལ་གྱི་དམིགས་འབེན་གཉིས་མཐུན་པ་བཤད། རྒྱ་ནག་གཞུང་འབྲེལ་གྱིས། དམག་འཁྲུག་འདིའི་ཁྲོད་ཁོ་ཚོ་བར་གནས་ཡིན་ཞེས། རཱ་ཤི་ཡར་དམག་དོན་གྱི་རྒྱབ་སྐྱོར་བྱེད་ཀྱིན་པ་ཁས་ལེན་གྱི་མེད།

•. ཡུ་དམག་གིས། རཱ་ཤི་ཡའི་ཁི་ར་སི་ནོ་རྡར་ས་ཁུལ་དུ་ཡོད་པ། ཨོ་རེན་བྷར་གྷི་རླངས་རྫས་བཟོ་གྲྭ་(Orenburg Gas Processing Plant)ཞེས་པར་གཏོར་རྒོལ་བྱས། འདི་ནི་འཛམ་གླིང་གི་རླངས་རྫས་བཟོ་གྲྭ་ཆེ་ཤོས་ཡིན་པ་གསལ། གཏོར་རྒོལ་གྱི་རྗེས་སུ་རླངས་རྫས་ལྕགས་སྦུག་ལ་མེ་འབར་ཞིང་། བཟོ་གྲྭས་ལས་མཚམས་འཇོག་དགོས་གྱུར་ཟིན་པའི་གནས་ཚུལ་ཐོན། དེ་བཞིན་ཡུ་དམག་གིས། རོ་སི་ཏོ་ཝི་ས་ཁུལ་གྱི་རྡོ་སྣུམ་བཟོ་གྲྭ་ཆེན་པོ། ནོ་ཝོ་ཤན་ཁི་ཏེན་སི་ཀི་(NZNP)ཞེས་པར་གཏོར་རྒོལ་བྱས།

•. བཟོ་གྲྭ་འདིར་གས་འཐོར་གྱི་སྒྲ་ཐེངས་ 6 ལ་གྲགས་ཟིན་པ་ས་གནས་ཀྱི་མིས་བཤད་ཅིང་། མེ་ཤུགས་ཆེན་འབར་བཞིན་པའི་བརྙན་ཡང་ཕྱིར་ཐོན། འདི་ནི་རོ་སི་ཏོ་ཝི་ས་ཁུལ་གྱི་རྡོ་སྣུམ་བཟོ་གྲྭ་གཅིག་བུ་དང་། རཱ་ཤི་ཡའི་ལྷོ་ཕྱོགས་ཀྱི་རྡོ་སྣུམ་བཟོ་གྲྭ་གལ་ཆེ་ཤོས་ཤིག་ཡིན་པ་མ་ཟད། ཉིན་རེར་རྡོ་སྣུམ་ལྕགས་ཟོ་གྲངས་ 110,000 ཡས་མས་ཤིག་ཐོན་སྐྲུན་བྱེད་བཞིན་ཚོད་དཔག་དང་། དམག་དཔུང་ལ་མཁོ་བའི་རྡོ་སྣུམ་ལེན་ས་གཙོ་བོ་ཞིག་ཡིན་པ་བཤད། ཐེངས་འདིར་ཡུ་དམག་གིས་དབྱིན་ཇིའི་འཕུར་མདའ་(Storm-Shasdow)སྤྱད་ཟིན་པ་གསལ།

•. ཡུ་དམག་གིས་ཉེ་དུས། མཚོ་ནག་གི་རྒྱུད་དུ་ཡོད་པའི་རཱ་ཤི་ཡའི་ཚོང་འབྲེལ་གྲུ་ཁ། ནོ་ཝོ་རོ་སེ་སི་ཀི་ལ་ཐེངས་འགར་གཏོར་རྒོལ་བྱས་ཟིན་པ་ལྟར། ཕྱི་ཟླ་ 12 ནང་ཁཱ་ཛ་ཀི་སི་ཐན་ནས་གྲུ་ཁ་འདི་བརྒྱུད་རྡོ་སྣུམ་འདྲེན་པའི་ཚད་དེ། བརྒྱ་ཆ་ 30% མར་ཆག་ཟིན་པ་རོའུ་ཀྲར་གསར་ཤོག་གིས་གནས་ཚུལ་བཀོད། དེ་བཞིན་ཡུ་དམག་གིས། ཀཱ་སི་པེན་མཚོའི་ནང་གི་རཱ་ཤི་ཡའི་རྡོ་སྣུམ་ས་ཚུགས་ལ་གཏོར་རྒོལ་ཐེངས་བྱས་ཟིན་པ་ལྟར། མཚོ་ཐོག་འདི་ནས་རཱ་ཤི་ཡའི་རྡོ་སྣུམ་འདྲེན་པའི་ཚད་ཀྱང་། ཕྱི་ལོ་ 2024 ཟླ་ 10 ནས་ཚད་དམའ་ཤོས་སུ་ཟག་ཟིན་པའི་གནས་ཚུལ་ཐོན།

•. ཉེ་དུས་རོའུ་ཀྲར་གསར་ཤོག་གིས་ཨ་རིའི་གསང་ལས་ཀྱི་སྐད་ཆ་ལུང་འདྲེན་གྱིས། ཕུ་ཀྲན་ལ་ཡུ་ཁུ་རན་ཧྲིལ་བོ་འཛིན་རྒྱུ་མ་ཟད། མཐར་ཡུ་རོབ་ཀྱི་སྟེང་ཚུར་རྒོལ་བྱ་རྒྱུའི་དམིགས་ཡུལ་བཟུང་འདུག་ཅེས་གནས་ཚུལ་བཀོད་ཟིན་པ་ལྟར། གནས་ཚུལ་འདི་རྫུན་མ་རེད་ཅེས། རཱ་ཤི་ཡའི་གཞུང་དང་སྒྲོ་ནལ་ཁྲི་རམ་ཕུའི་ལས་བྱེད་འགས་ཐེངས་འགར་བཤད། ཁ་སང་རཱ་ཤི་ཡའི་ཕྱི་སྲིད་ལྷན་ཁང་གིས། ང་ཚོས་ཡུ་རོབ་དང་ནུབ་ཆིངས་སྟེང་ཕར་རྒོལ་མི་བྱ་རྒྱུ་ཡིག་ཐོག་ནས་ཁས་ལེན་རྒྱུའི་གྲ་སྒྲིག་གྲུབ་ཡོད་ཅེས་བཤད། ཕྱི་ལོ་ 2021 ལོར་ང་ཚོས་དེ་ལྟར་ཡུ་རོབ་དང་། ཨ་རི་ལ་འདིའི་ཐད་མཉམ་ལས་བྱ་རྒྱུའི་དགོས་འདུན་བཏོན་པར། ལན་འབྱོར་མ་སོང་ཞེས་བཤད།

•. དབྱེ་ཞིབ་པ་མང་པོས། ལོ་རྗེས་མ་སྟེ་ཕྱི་ལོ་ 2026 ལོར་ཡང་དམག་འཁྲུག་མུ་མཐུད་དུ་རྒྱག་རྒྱུ་ཡིན་པ་ཚོད་དཔག་བྱེད་ཅིང་། རཱ་དམག་གི་ད་ལྟའི་འཆི་གྲངས་ཀྱི་ཚད་གཞི་འདིར་འགྱུར་བ་མ་ཕྱིན་ཚེ། ལོ་རྗེས་མར་ཕུ་ཀྲན་གྱིས་རྒྱལ་ཡོངས་སུ། དམག་སྐུལ་ཆེན་པོ་ཞིག་རྒྱག་དགོས་ཐུག་སྲིད་པ་ཚོད་དཔག་བྱེད། ད་ལོའི་ལོ་མཇུག་གི་ཕུ་ཀྲན་གྱི་གཏམ་བཤད་ཁྲོད། ཕྱི་ལོ་ 2026 ནི་རཱ་ཤི་ཡའི་མི་དམངས་ཀྱི་མཐུན་སྒྲིལ་གྱི་ལོ་ཡིན་ཞེས། ཡང་ཡང་བསྒྲགས་ཤིང་། རཱ་ཤི་ཡའི་རྒྱལ་ནང་དུ་མི་རིགས་དང་། ཆོས་ལུགས་མི་འདྲ་བ་མང་པོ་ཡོད་པ་ནི་མཐུན་སྒྲིལ་གྱི་རྩ་བ་ཡིན་པ་བཤད།

•. ཁ་སང་ཡེ་ཤུ་འཁྲུངས་སྐར་དང་བསྟུན། རཱ་ཤི་ཡའི་སྲིད་འཛིན་ཕུ་ཀྲན་གྱིས། ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་ལ་ཡེ་ཤུ་འཁྲུངས་སྐར་གྱི་འཚམས་འཕྲིན་བསྐུར་ཅིང་། དེ་བཞིན་ཛེ་ལན་སི་ཀེ་ཡིས་ཀྱང་། སྒྲོ་ནལ་ཁྲི་རམ་ཕུའི་སྐུ་ཚབ་ཝེ་ཀྲི་ཀོ་ཧྥི་དང་། སྒྲོ་ནལ་ཁྲི་རམ་ཕུའི་བུ་མོའི་ཁྱོ་ག་ཁུ་ཤི་ནེར་གཉིས་ལ་ཁ་པར་བརྒྱུད་འཚམས་འདྲི་ཞུས་ཟིན་པ་བསྒྲགས། ཛེ་ལན་སི་ཀེ་ཡིས། ཡེ་ཤུ་འཁྲུངས་སྐར་ཉིན་ང་ཚོའི་བར་བྱུང་བའི་གྲོས་མཐུན་དང་། སྐད་ཆ་དག་གིས་སྡུག་རྩུབ་ཆེ་བའི་དམག་འཁྲུག་འདི་མཚམས་འཇོག་ཐུབ་པར་སྨན་པའི་རེ་བ་ཡོད་ཅེས་བསྒྲགས།

•. ཛེ་ལན་སི་ཀེ་ཡིས། ཁོ་དང་ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་གཉིས་མགྱོགས་པོར་ཐུག་རྒྱུ་དང་། ལོ་གསར་བ་མ་སར་སྔོན་ལས་ཀ་གལ་ཆེན་ཞིག་འགྲུབ་ཐུབ་པའི་རེ་བ་འདུག་ཅེས་བཤད། ཨེག་སོ་སི་སྟེང་གནས་ཚུལ་བཀོད་པ་ལྟར། སྒྲོ་ནལ་ཁྲི་རམ་ཕུ་དང་ཛེ་ལན་སི་ཀེ་གཉིས་བདུན་ཕྲག་འདིའི་གཟའ་ཉི་མར་ཐུག་རྒྱུ་དང་། ཐུག་ཡུལ་ནི་ཧྥི་ལོ་ར་སྒྲ་མངའ་སྡེར་ཡོད་པའི་སྒྲོ་ནལ་ཁྲི་རམ་ཕུའི་རྒྱས་སྤྲོ་ཁང་མར་ལ་གྷོ་ཡིན་པ་བཤད། དེ་དང་ལྷན། དེ་རིང་ཕུ་ཀྲན་རང་གི་བཀའ་ལྟར་རཱ་ཤི་ཡའི་ཆེས་མཐོའི་ལས་བྱེད་ཚོས་ཀྱང་། ཐད་ཀར་ཨ་རིའི་ལས་བྱེད་ཚོ་དང་ལྷན་སྐད་བཤད་ཟིན་པ། རཱ་ཤི་ཡའི་གཞུང་གིས་བསྒྲགས།

•. རཱ་ཤི་ཡའི་ཕྱི་སྲིད་ལྷན་ཁང་གིས། རཱ་ཤི་ཡའི་མི་སེར་ཚོ་མཇར་མན་ལ་འགྲོ་རྒྱུ་འཛེམས་དགོས་པ་འབོད་སྐུལ་དྲག་པོ་ཞུ་བཞིན་ཡོད་ཅེས་དང་། མཇར་མན་དུ་རཱ་ཤི་ཡའི་མི་ཚོའི་སྟེང་དྲང་བདེན་མ་ཡིན་པའི་ནག་ཉེས་འཛུགས་བཞིན་འདུག་ཅེས་བསྒྲགས།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག