འདས་པོ་ཚོར་གཞུང་འབྲེལ་ངང་མྱ་ངན་གུས་འདུ་ཞུས་ཤིང་། རྒུ་ནག་དང་ཧོང་ཀོང་གི་དར་ཆ་མར་འཕབ། མེ་སྐྱོན་འདིའི་རྒྱུ་རྐྱེན་ཐད་ཞིབ་འཇུག་མུ་མཐུད་དུ་བྱ་རྒྱུ་ཡིན་པ་བཤད།
བདུན་ཕྲག་འདིའི་གཟའ་ལྷག་པའི་ཕྱི་དྲོ། ཧོང་ཀོང་གི་ནུབ་ཕྱོགས་ཀྱི་ཐའེ་པོ་ཞེས་པའི་ས་ཁུལ་དུ། ཁང་བརྩེགས་སྐོར་ཞིག་མེ་འབར་ཞིང་འདིའི་ཁྲོད་ད་ལྟ་བར་མི་ 128 རྐྱེན་འདས་སུ་ཕྱིན་ཟིན་པ་གཏན་འཁེལ་དང་། གཞན་ཡང་མི་ 83 ལ་རྨས་སྐྱོན་འཕོག ད་དུང་ཡང་མི་ 150 ཡི་ཤི་གསོན་གནས་སྟངས་མ་ངེས་པར་གྱུར། དོན་རྐྱེན་འདི་དང་འབྲེལ་ཧོང་ཀོང་གཞུང་གིས་སྔར་མི་ 3 བཟུང་ཟིན་པ་ལྟར། ཁང་པ་བསྐྱར་གསོའི་ལས་གཞིའི་ཁྲོད། ལྐོག་ཟ་བྱས་ཡོད་པའི་དོགས་གཞིའི་འོག་སླར་ཡང་མི་ 8 བཟུང་ཟིན་པའི་གནས་ཚུལ་ཐོན།
མེ་སྐྱོན་འདིའི་རྒྱུ་རྐྱེན་དངོས་ད་ལྟ་བར་གང་ཡིན་ཁ་གསལ་བཤད་རྒྱུ་མེད་པར་གྱུར་ཟིན་ནའང་། ཁང་པ་གཅིག་ལ་མེ་འབར་བ་དང་མེ་ལྕེ་དེ་ཁང་བརྩེགས་གཞན་དག་གི་སྟེང་། དུས་ཚོད་ཐུང་ངུའི་ནང་མགྱོགས་པོར་མཆེད་པའི་རྒྱུ་རྐྱེན་གཙོ་བོ་ནི། ཁང་པའི་ཕྱི་ལོགས་ཀྱི་ཆ་ཤས་དག་ཏུ་མེ་འབར་སླ་བའིདངོས་པོ་བཞག་ཡོད་རྐྱེན་ཡིན་པ་བཤད། དེ་རིང་ཧོང་ཀོང་སྤྱི་ཁྱབ་གཙོས་ཆེས་མཐོའི་ལས་བྱེད་ཚོས། འདས་པོ་ཚོར་གཞུང་འབྲེལ་ངང་མྱ་ངན་གུས་འདུ་ཞུས་ཤིང་། རྒུ་ནག་དང་ཧོང་ཀོང་གི་དར་ཆ་མར་འཕབ། མེ་སྐྱོན་འདིའི་རྒྱུ་རྐྱེན་ཐད་ཞིབ་འཇུག་མུ་མཐུད་དུ་བྱ་རྒྱུ་ཡིན་པ་བཤད། ཐེངས་འདིར་མཐའ་ན་ཉེན་བརྡའི་སྒྲའང་གྲགས་ཡོད་མེད་རྩོད་པ་ཞིག་ཏུ་གྱུར་ཅིང་། འགའ་ཤས་ཀྱིས་ཉེན་བརྡའི་སྒྲ་གྲགས་མ་སོང་ཞེས་བཤད།
