Homeརྒྱལ་སྤྱི།རྡུལ་མཚོན་གྲོས་མཐུན་གྱི་དུས་ཡུན་རྫོགས། 

རྡུལ་མཚོན་གྲོས་མཐུན་གྱི་དུས་ཡུན་རྫོགས། 

Date:

ཕྱི་ལོ་ 2010 ལོར་ཨ་རི་དང་རཱ་ཤི་ཡ་བར་བཞག་པ། རྡུལ་ཕྲན་མཚོན་ཚོད་འཛིན་གྱི་གྲོས་མཐུན་གྱི་དུས་ཡུན་དེ། བདུན་ཕྲག་འདིའི་གཟའ་ཕུར་བུའམ། ཕྱི་ཟླ་ 2 ཚེས་ 5 ཉིན་རྫོགས། ད་ལྟ་རྡུལ་མཚོན་གྲོས་མཐུན་མེད་པའི་དུས་སྐབས་ཤིག་ཤར།

ཕྱི་ལོ་ 2010 ལོར་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་སྐབས་སུ། ཨ་རི་དང་རཱ་ཤི་ཡའི་བར་རྡུལ་མཚོན་ཚོད་འཛིན་དང་། རྡུལ་མཚོན་གང་དུ་མཉར་ཆོག་མིན་དང་འབྲེལ་བའི་ཆིངས་ཡིག་ཅིག་བཞག་པ་ལ། གྲོས་མཐུན་གལ་ཆེན་འདིའི་དུས་ཡུན་བདུན་ཕྲག་འདིའི་གཟའ་ཕུར་བུའི་ཉིན་རྫོགས། ད་ལྟ་བར་གྲོས་མཐུན་འདིའི་དུས་ཡུན་ཕར་བསྒྱང་རྒྱུའི་ཐད་མཐའ་མའི་ཐག་གཅོད་ཅིག་མ་བྱུང་ཞིང་། འདི་ནི་རྒྱལ་སྤྱིའི་ཉིང་རྡུལ་མང་ཤོས་བཟུང་ཡོད་པའི་རྒྱལ་ཁབ་འདི་གཉིས་བར། རྡུལ་མཚོན་དང་འབྲེལ་བའི་གྲོས་མཐུན་མེད་པའི་དུས་ཚོད་ཉེན་ཁ་ཅན་ཞིག་ཏུ་གྱུར།

ཁྲིམས་ཐོག་ནས་གྲོས་མཐུན་འདིའི་དུས་ཡུན་རྫོགས་ཟིན་པས། ཁྲིམས་ཐོག་ནས་སྔར་གྱི་གྲོས་མཐུན་དེའི་དུས་ཡུན་ཕར་འགྱངས་བྱེད་ཐབས་མེད་པ་གྱུར་ཟིན་པ་ཡིན། ཡིན་ན་ཡང་། ཨེག་སོ་སི་སྟེང་གནས་ཚུལ་བཀོད་པ་ལྟར་ན། བདུན་ཕྲག་འདིའི་གཟའ་ལྷག་པ་དང་ཕུར་བུ་གཉིས་སུ། ཨ་རི་དང་ཡུ་ཁུ་རན། རཱ་ཤི་ཡ་བཅས་ཀྱི་སྐུ་ཚབ་དག་འཛོམས་སྐབས་སུ། འབྱུང་འགྱུར་ཟླ་བ་ 6 གི་རིང་སྔར་གྱི་གྲོས་མཐུན་ལྟར་མུ་མཐུད་དུ་གནས་ཡོད་པ་ལྟ་བུའི་ངང་ཚུལ་འོག་རེ་ཞིག་འདུག་རྒྱུ་དང་། དུས་ཡུན་དེའི་ནང་གྲོས་མཐུན་གསར་བ་ཞིག་བཟོ་རྒྱུར། ཕྱོགས་གཉིས་ཀྱིས་མོས་མཐུན་བྱས་ཡོད་པ་བཤད། ཡིན་ན་ཡང་། ཕོ་བྲང་དཀར་པོའི་མགྲིན་ཚབ་པས། (གནས་སྐབས་གྲོས་མཐུན་)དེ་འདྲ་ཞིག་ཡོད་པ་ངས་མ་ཤེས་ཞེས་བཤད།

སྲོལ་རྒྱུན་ལྟར་ན་འདི་འདྲའི་གལ་ཆེ་བའི་གོ་ལག་དང་འབྲེལ་བའི་ཡིག་ཆ་ཞིག་གི་ཐད་སྐད་ཆ་བཤད་དགོས་ཚེ། རྡུལ་མཚོན་ཚོད་འཛིན་ཐད་ཀྱི་ཆེད་ལས་མཁས་པ་གཏོང་དགོས་ནའང་། སྒྲོ་ནལ་ཁྲི་རམ་ཕུས་འདིའི་ཐད་སྐད་ཆ་ཤོད་མཁན་དུ། ཆེད་ལས་འདི་དང་འབྲེལ་བ་གང་ཡང་མེད་མཁན། ཝེ་ཀྲི་ཀོ་ཧྥི་དང་ཁུ་ཤེ་ནེར་གཉིས་བཏང་བ་ནི་རྒྱུན་ལྡན་ཞིག་མ་ཡིན་པ་བཤད། རྡུལ་མཚོན་ལ་ཚོད་འཛིན་མེད་པའི་དུས་སྐབས་ཤིག་ཤར་བ་འདིར། མི་མང་པོས་སེམས་ཁྲལ་བྱེད་བཞིན་པ་དང་། ཡུ་རོབ་ཏུ་ཡོད་པའི་ཨ་རིའི་དམག་སྤྱི་ཁང་གིས། རཱ་ཤི་ཡའི་བདེ་སྲུང་ལ་ལྐོག་ནས་འབྲེལ་བ་བྱས་ཟིན་པའི་གནས་ཚུལ་ཐོན། ཕྱི་ལོ་ 2022 ལོ་ནས་ཁོ་ཚོའི་བར་གྱི་འབྲེལ་བ་ཆད་ཟིན།

སྒྲོ་ནལ་ཁྲི་རམ་ཕུས། སྔར་ཨོ་བྷ་མའི་སྐབས་སུ་བཞག་པའི་གྲོས་མཐུན་འདི་ཡག་པོ་བྱུང་མེད་པ་དང་། རཱ་ཤི་ཡས་ཚུལ་ལྡན་ངང་ལག་བསྟར་བྱེད་ཀྱི་མེད་པ་ཡང་ཡང་ཤོད་བཞིན་ཡོད་ལ། གྲོས་མཐུན་གསར་བ་ཞིག་འཇོག་དགོས་པ་དང་། དེའི་ཁྲོད་རྒྱ་ནག་ཀྱང་ཚུད་དགོས་པ་ཤོད་ཀྱི་ཡོད། ཡིན་ན་ཡང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས། རྒྱ་ནག་གི་རྡུལ་མཚོན་དེ་ཨ་རི་དང་། རཱ་ཤི་ཡར་ཡོད་པའི་རྡུལ་མཚོན་གྱི་ཚད་གཞིར་སླེབས་མེད་པས། རྒྱ་ནག་གྲོས་མཐུན་འདིའི་ནང་ཞུགས་རྒྱུ་མིན་ཞེས་གསལ་བོར་བཤད། ཨ་རི་དང་རཱ་ཤི་ཡའི་རྡུལ་མཚོན་བསྡོམས་པས། རྒྱལ་སྤྱིའི་ཉིང་རྡུལ་མཚོན་ཆའི་བརྒྱ་ཆ་ 85% ཟིན། ཕྱི་ལོ་ 1991 ལོར་ཨུ་རུ་སུ་དམར་པོ་འཐོར་རྗེས། ཨུ་རུ་སུའི་རྡུལ་མཚོན་དག་རཱ་ཤི་ཡའི་ལག་ཏུ་ཤོར། རཱ་ཤི་ཡ་ད་དུང་ཡང་རྒྱལ་སྤྱིའི་ས་ཁམས་ཆབ་སྲིད་ཁྲོད། གལ་ཆེན་ཞིག་ཏུ་གྱུར་ཡོད་པའི་རྒྱུ་མཚན་ཁོ་ན་དེ་འདི་གྱུར།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག