(རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མཁར་རྫོང་དམར་པོ་(Red fort)ཡི་ཐག་ཉེར། གཞུང་ལམ་སྟེང་དུ་རླངས་འཁོར་ཞིག་གས་འཐོར་དུ་ཕྱིན་རྐྱེན། ཉེ་འཁོར་གྱི་མི་ 8 རྐྱེན་འདས་སུ་ཕྱིན་ཅིང་གཞན་ 20 རྨས།)
གཟའ་ཟླ་བའི་ཕྱི་དྲོའི་ཆུ་ཚོད་ 6:52 སྟེང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མཁར་རྫོང་དམར་པོ་(Red fort)ཡི་ཐག་ཉེར། གཞུང་ལམ་སྟེང་དུ་རླངས་འཁོར་ཞིག་གས་འཐོར་དུ་ཕྱིན་རྐྱེན། ཉེ་འཁོར་གྱི་མི་ 8 རྐྱེན་འདས་སུ་ཕྱིན་ཅིང་གཞན་ 20 རྨས། ད་ལྟ་བར་ཕུང་པོ་ 6 ངོ་རྟགས་ཆོད་ཟིན་པ་བསྒྲགས། སྲིད་བློན་མོ་དྷི་ཡིས་ཁ་སང་འདིའི་ཐད་གཏམ་བཤད་ཅིག་སྤེལ། ཁོས། འདིའི་རྒྱབ་ཀྱི་ལྐོག་བྱུས་འཐེན་མཁན་ཚོ་ཐར་དུ་འཇུག་རྒྱུ་མིན། མདང་དགོང་ངས་དོན་རྐྱེན་འདིར་ཞིབ་འཇུག་བྱེད་མཁན། ལས་ཁུངས་ཚང་མ་དང་ལྷན་འབྲེལ་བ་བྱས་པ་ཡིན། ང་ཚོའི་ལས་ཁུངས་དག་གིས་དོན་རྐྱེན་འདིའི་གཏིང་བསྔོག་རྒྱུ་ཡིན་ཞེས་བཤད།
•. ཡིན་ན་ཡང་། གས་འཐོར་འདིའི་རྒྱུ་རྐྱེན་དངོས་ཅི་ཡིན་ད་ལྟ་བར་གཞུང་འབྲེལ་གྱིས་གང་ཡང་གཏན་མ་འཁེལ། དེ་རིང་ཞོགས་པར་ནང་སྲིད་བློན་ཆེན་ཨ་མེ་ཏི་ཤཱ་ཡིས། བདེ་སྲུང་དང་འབྲེལ་ཆེས་མཐོའི་ཚོགས་འདུ་ཞིག་བསྐོངས། ཁོ་ཚོས་རྒྱུ་རྐྱེན་དངོས་གང་ཡིན་ཐད་ཞིབ་འཇུག་ཐིལ་ཕྱིན་པ་བྱ་རྒྱུ་ཡིན་པ་བསྒྲགས། ད་ལྟ་མུ་མཐུད་དུ་ཞིབ་འཇུག་བྱེད་བཞིན་པས། འབྱུང་འགྱུར་ཉིན་ 3 རིང་མཁར་རྫོང་དམར་པོ་སྒོ་རྒྱག་རྒྱུ་ཡིན་པ་བཤད། ཉི་མ་རེར་མཁར་རྫོང་དམར་པོ་འདིར་ཡུལ་སྐོར་བ་སྟོང་ཕྲག་ཡོང་བཞིན་པ་གསལ། མཁར་རྫོང་དམར་པོ་ཞེས་པ་འདི་ནི། ཁ་ཆེ་མུ་གྷལ་རྒྱལ་རབས་ཀྱི་རྒྱལ་ཐོག་ལྔ་བ་ཤཱ་ རྗ་ཧན་གྱིས་དུས་རབས་ 17 ནང་བསྐྲུན། འདི་ནི་མུ་གྷལ་རྒྱལ་རབས་ཀྱི་མངའ་ཐང་དང་། ལོ་རྒྱུས་མཚོན་བྱེད་གལ་ཆེན་ཞིག་ཏུ་ངོས་འཛིན།
