རོའུ་ཀྲར་གསར་ཤོག་སྟེང་གནས་ཚུལ་བཀོད་པ་ལྟར་ན། ད་ལྟ་ཧཱ་མ་སི་དྲག་དཔུང་གིས། གྷ་ཛ་ས་ཁུལ་གྱི་བྱ་ཤ་སོགས། བཟའ་ཆས་རིན་གོང་ལ་ཚོད་འཛིན་དང་། ཐ་མག་གི་སྟེང་ཁྲལ་རྒྱག་པ་སོགས་བྱེད་བཞིན་པ་བཤད།
ད་ལོའི་ཕྱི་ཟླ་ 10 ཚེས་ 10 ཉིན་ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས་བཏོན་པའི་ཡིག་ཆ་དོན་ཚན་ 20 ཅན་གྱི་འོག ཨེ་ཛི་རལ་དང་ཧཱ་མ་སི་དྲག་དཔུང་བར་མེ་མཚམས་བཞག་ཟིན་པ་དང་། འབྱུང་འགྱུར་ཧཱ་མ་སི་དྲག་དཔུང་དེ། གྷ་ཛ་ས་ཁུལ་གྱི་བར་བརྒལ་འཛིན་སྐྱོང་ཁྲོད་ཞུགས་མི་ཆོག་པ་བཟོས་ཟིན་ནའང་། རོའུ་ཀྲར་གསར་ཤོག་སྟེང་གནས་ཚུལ་བཀོད་པ་ལྟར་ན། ད་ལྟ་ཧཱ་མ་སི་དྲག་དཔུང་གིས། གྷ་ཛ་ས་ཁུལ་གྱི་བྱ་ཤ་སོགས། བཟའ་ཆས་རིན་གོང་ལ་ཚོད་འཛིན་དང་། ཐ་མག་གི་སྟེང་ཁྲལ་རྒྱག་པ་སོགས་བྱེད་བཞིན་པ་བཤད།
དོན་དངོས་སུ་མེ་མཚམས་ཀྱི་གྲོས་མཐུན་ལྟར། ཨེ་ཛི་རལ་གྱིས་རང་གི་དམག་དཔུང་གྷ་ཛའི་ས་ཁུལ་འགའ་ནས་ཕྱིར་འཐེན་པ་དང་། ཧཱ་མ་སི་དྲག་དཔུང་ས་ཁུལ་དེ་དག་ཏུ་སླེབས་ཤིང་། ཨེ་ཛི་རལ་གྱི་དམག་མི་དང་འབྲེལ་བ་ཡོད་པར་བཤད་པའི་མི་འགའ་སྲོག་ཁྲིམས་བཅད་པ་སོགས། མུ་མཐུད་དུ་གྷ་ཛ་ས་ཁུལ་དེ་རྣམ་པ་གཞན་ཞིག་གི་སྒོ་ནས་དབང་སྒྱུར་ཐབས་བྱས། དེ་མ་ཟད་ད་ལྟ་གྷ་ཛ་ས་ཁུལ་དུ་རོགས་སྐྱོར་སོགས་ཅི་ཞིག་བཏང་ནའང་། ཚང་མ་ཧཱ་མ་སི་དྲག་དཔུང་གི་ལག་ཏུ་འཆོར་བཞིན་པ་བཤད།
འགའ་ཤས་ཀྱིས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཅི་ཙམ་སྒུག་པ་དེ་ཙམ་གྱིས། གྷ་ཛ་ས་ཁུལ་དུ་ཡང་བསྐྱར་ཧཱ་མ་སི་དྲག་དཔུང་གི་ནུས་པ་ཆེ་རུ་འགྲོ་བཞིན་པ་དང་། ཧཱ་མ་སིས། གྷ་ཛ་ས་ཁུལ་གྱི་ས་གནས་ལས་བྱེད་བརྗེ་སྒྱུར་ཚུན་བྱེད་བཞིན་པ་བཤད། ཡིན་ན་ཡང་། ཨ་རིའི་རྒྱལ་སྲིད་ལྷན་ཁང་གི་མགྲིན་ཚབ་པས། ཧཱ་མ་སི་དྲག་དཔུང་གིས་འབྱུང་འགྱུར་གྷ་ཛ་ས་ཁུལ་དབང་བསྒྱུར་རྒྱུ་མ་རེད་ཅེས་བཤད། ཧཱ་མ་སིའི་མགྲིན་ཚབ་པས་ཀྱང་། གྷ་ཛ་ས་ཁུལ་གྱི་འཛིན་སྐྱོང་དབང་ཆ་དེ། ཞི་འཇམ་པོ་ཞིག་གི་ངང་བརྒྱུད་སྤྲོད་བྱ་རྒྱུར་ཆོད་སེམས་ཡོད་ཅེས་ཟེར།
