Homeརྒྱལ་སྤྱི།དཀྱིལ་ཤར།ཨ་རིས་ཨེ་རན་གྱི་སྟེང་གཏོར་རྒོལ་བྱའམ།

ཨ་རིས་ཨེ་རན་གྱི་སྟེང་གཏོར་རྒོལ་བྱའམ།

Date:

ཨེ་རན་གྱི་ངོ་རྒོལ་ཁྲོད་རྐྱེན་འདས་སུ་ཕྱིན་ཟིན་པ་དག་གི་ནང་མི་ཚོས་བཤད་པ་ལྟར་ན། ཨེ་རན་གཞུང་གིས་ཁྱིམ་བདག་ལ་ཕུང་པོ་ཕྱིར་སྤྲོད་དགོས་ན་སྒོར་མོ་འཁྱེར་ཤོག གཞན་ཕུང་པོ་ཕྱིར་སྤྲོད་རྒྱུ་མིན་ཞེས་ཤོད་བཞིན་པའི་གནས་ཚུལ་བཀོད།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ད་ལྟ་ཨེ་རན་གཞུང་གིས་ངོ་རྒོལ་བ་དག་གསོད་མཚམས་བཞག་འདུག་ཅེས་བཤད་ཟིན་པ་ལྟར། ཁ་སང་ཕོ་བྲང་དཀར་པོའི་མགྲིན་ཚབ་པས། དོན་དངོས་སུ་ཚེས་ 14 ཉིན་ཨེ་རན་གཞུང་གིས། མི་ 800 ལ་སྲོག་ཁྲིམས་གཅོད་རྒྱུའི་འཆར་གཞི་ཡོད་ཀྱང་། ད་ལྟ་འཆར་གཞི་དེ་ཕྱིར་འཐེན་ཟིན་པ་རེད་ཅེས་དང་། གལ་སྲིད་ཨེ་རན་གཞུང་གིས་མུ་མཐུད་དུ་ངོ་རྒོལ་བ་བསད་ཚེ། མཇུག་འབྲས་ཧ་ཅང་ངན་པ་འབྱུང་ངེས་ཡིན་ཞེས་བཤད།

དབྱིན་ཇིའི་སྦི་སྦི་སི་གསར་ཁང་ལ། ཐེངས་འདིར་ངོ་རྒོལ་ཁྲོད་རྐྱེན་འདས་སུ་ཕྱིན་ཟིན་པ་དག་གི་ནང་མི་ཚོས་བཤད་པ་ལྟར་ན། ཨེ་རན་གཞུང་གིས་འདས་པོ་དག་གི་ཕུང་པོ། ཕུང་པོ་མཉར་ས་དང་སྨན་ཁང་སོགས་སུ་བཞག་ཡོད་པ་དང་། ཁྱིམ་བདག་ལ་ཕུང་པོ་ཕྱིར་སྤྲོད་དགོས་ན་སྒོར་མོ་འཁྱེར་ཤོག གཞན་ཕུང་པོ་ཕྱིར་སྤྲོད་རྒྱུ་མིན་ཞེས་ཤོད་བཞིན་པའི་གནས་ཚུལ་བཀོད། ཐེངས་འདིའི་ངོ་རྒོལ་ཁྲོད་ཉུང་མཐར་མི་ 2,435 བསད་ཟིན་པ་ཚོད་རྩིས་བྱས། ཨེ་རན་གཞུང་གིས། ངོ་རྒོལ་ཁྲོད་ཕྱི་རྒྱལ་ནས་ཆེད་དུ་དྲག་ཟིང་སློང་མཁན་བཏང་ཟིན་པ་དང་། དྲག་སྤྱོད་པ་ 3,000 བཟུང་ཟིན་ཟེར།

ཡིན་ན་ཡང་། ཨེ་རན་གཞུང་གིས་ངོ་རྒོལ་ལ་དྲག་གནོན་ཆེད་ལེ་བྷ་ནོན་གྱི་ཧེ་ཛི་བྷོ་ལ་དྲག་དཔུང་གི་མི་སོགས་འཁྲིད་ནས་སླེབས་ཡོད་པ་དང་། ཨེ་རན་གཞུང་ལ་རྒྱབ་སྐྱོར་ཆེད་ཨེ་རག་ནས་ཀྱང་ཁ་ཆེ་དྲག་དཔུང་འགའི་དམག་མི། གྲངས་ 5,000 རྒྱལ་མཚམས་བརྒལ་ནས་ཨེ་རན་གྱི་རྒྱལ་ནང་ལ་འཛུལ་ཟིན་པ། ཡུ་རོབ་དང་ཨེ་རག་ལས་བྱེད་ཚོའི་སྐད་ཆ་ལུང་འདྲེན་གྱིས། སི་ཨན་ཨན་གསར་ཁང་གིས་གནས་ཚུལ་བཀོད། དེ་བཞིན་རཱ་ཤི་ཡས་ཀྱང་། དྲྭ་རྒྱ་དང་ལྟ་སྲུང་བརྙན་མིག་བཏང་ནས་ངོ་རྒོལ་བ་ཚོར་དྲག་གནོན་བྱ་རྒྱུར་མཐུན་རྐྱེན་སྦྱར་ཡོད་པའི་གནས་ཚུལ་ཐོན།

ཨེ་རན་དང་འབྲེལ་སྒྲོ་ནལ་ཁྲི་རམ་ཕུས་ཅི་ཞིག་བྱ་རྒྱུའི་ཐད་ཕོ་བྲང་དཀར་པོའི་མགྲིན་ཚབ་པས། སྲིད་འཛིན་གྱིས་ཨེ་རན་གྱི་སྐོར་ལ་ཐག་ཉེ་ནས་ལྟ་ཞིབ་བྱེད་ཀྱི་ཡོད། འདིའི་སྐོར་ལ་ཅི་ཞིག་བྱ་དགོས་པ་སྲིད་འཛིན་ཁོ་ནས་ཤེས་ཡོད་ཅེས་དང་། ཁོའི་མདུན་དུ་གདམ་ཀ་ཚང་མ་ཡོད་ཅེས་བཤད། ད་ལྟ་ཨ་རིའི་དམག་དོན་མཁོ་ཆས་མང་པོ་དཀྱིལ་ཤར་དུ་སྐྱེལ་བཞིན་པའི་གནས་ཚུལ་ཞིག་ཐོན་ལ། ཞི་བདེ་རྒྱ་མཚོའི་ཁུལ་ནས། གཏོར་རྒོལ་གྲུ་གཟིངས་རུ་ཁག་ཅིག་དཀྱིལ་ཤར་དུ་ཡོང་བཞིན་པའི་གནས་ཚུལ་ཞིག་ཀྱང་ཐོན།

ཨེ་རན་གྱི་སྟེང་གཏོར་རྒོལ་བྱ་མིན་དང་བྱས་ན་རྒྱ་ཁྱོན་ཅི་ཙམ་ཞིག་བྱ་རྒྱུའི་ཐད། སྒྲོ་ནལ་ཁྲི་རམ་ཕུའི་མཐའ་འཁོར་གྱི་ལས་བྱེད་དང་། དམག་སྤྱི་ཚོའི་བར་བསམ་ཚུལ་སྣ་ཚོགས་ཤིག་འབྱུང་བཞིན་པའི་གནས་ཚུལ་ཐོན། གྲོས་ཚོགས་གོང་མའི་འཐུས་མི་ལིན་ཛེ་གྷི་རམ་གྱིས། ད་ལྟ་ཕོ་བྲང་དཀར་པོའི་ནང་གི་རྩོད་པ་ནི། གཏོར་རྒོལ་ཆེན་པོ་ཞིག་བྱའམ་ཆུང་ངུ་ཞིག་བྱ་རྒྱུ་ཡིན་ཞེས་པ་དེ་རེད། ང་ནི་གཏོར་རྒོལ་ཆེན་པོ་ཞིག་བྱ་རྒྱུའི་ཕྱོགས་སུ་ལངས་ཡོད་ཅེས། རྩོད་པ་ནི་གཏོར་རྒོལ་གྱི་ཆེ་ཆུང་ལས། གཏོར་རྒོལ་བྱ་མིན་དེ་མིན་པ་བཤད།

གལ་སྲིད་ཨ་རིས་གཏོར་རྒོལ་བྱས་ཚེ་ཨེ་རན་གྱིས་དེའི་ལན་དུ། དཀྱིལ་ཤར་དུ་ཡོད་པའི་ཨ་རིའི་དམག་སྒར་དག་གི་སྟེང་གཏོར་རྒོལ་བྱ་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་ཟིན་པ་ལྟར། ནེའུ་ཡོག་དུས་བབ་སྟེང་གནས་ཚུལ་བཀོད་པ་ལྟར་ན། ཨེ་ཛི་རལ་གྱི་སྲིད་བློན་ནེ་ཏན་ཡ་ཧུ་དང་། དཀྱིལ་ཤར་གྱི་ཨ་རིའི་མཐུན་ཕྱོགས་ཚོས། སྒྲོ་ནལ་ཁྲི་རམ་ཕུ་ལ་ཨེ་རན་གྱི་སྟེང་གཏོར་རྒོལ་བྱ་རྒྱུ་རེ་ཞིག་ཕྱིར་འཐེན་རྒྱུར་འབོད་སྐུལ་ཞུ་བཞིན་པ་དང་། བདུན་ཕྲག་འདིའི་གཟའ་ལྷག་པའི་ཉིན། ནེ་ཏན་ཡ་ཧུ་ཡིས་སྒྲོ་ནལ་ཁྲི་རམ་ཕུ་ལ་གནད་དོན་འདི་དངོས་སུ་བཤད་ཟིན་པའི་གནས་ཚུལ་བཀོད།

ཨ་རིའི་ལས་བྱེད་དང་དམག་སྤྱི་ཚོའི་བསམ་ཚུལ་ནི། གཏོར་རྒོལ་ཆུང་ངུ་ཞིག་གིས། ད་ལྟའི་ཨེ་རན་གཞུང་གཏོར་མི་ཐུབ་པ་མ་ཟད། གཏོར་རྒོལ་བྱས་རྗེས་སུ། ཨེ་རན་གྱི་སྟེང་འཕངས་པའི་འཕུར་མདའི་གྲངས་ཀ་ལས། དཀྱིལ་ཤར་གྱི་ཨ་རིའི་དམག་སྒར་དག་སྲུང་སྐྱོབ་ཆེད་འཕེན་རྒྱུའི་གནམ་སྲུང་མ་ལག་གི་འཕུར་མདའི་གྲངས་མང་པོ་ཆགས་རྒྱུ་ཡིན་པ་ཤོད་བཞིན་པ་དང་། དེའི་སྟེང་དཀྱིལ་ཤར་གྱི་གནས་སྟངས་སྡུག་ཏུ་གཏོང་སྲིད་པས་ན། ཨེ་རན་གྱི་སྟེང་གཏོར་རྒོལ་བྱས་པར་ད་དུང་དཀྱིལ་ཤར་དུ། ཨ་རིའི་གོ་ལག་དང་དམག་དཔུང་མང་དུ་གཏོང་དགོས་པ་ཤོད་བཞིན་པའི་གནས་ཚུལ་ཐོན།

ཨེག་སོ་སི་སྟེང་གནས་ཚུལ་བཀོད་པ་ལྟར་ན། སྒྲོ་ནལ་ཁྲི་རམ་ཕུས་ཀྱང་གཏོར་རྒོལ་བྱ་རྒྱུ་ཕར་འགྱངས་བྱ་རྒྱུར་འདོད་པ་ཡོད་པའི་རྣམ་འགྱུར་སྟོན་བཞིན་པ་བཤད། ཨེ་རན་གྱི་ཆེས་མཐོའི་དམག་སྤྱི་ཞིག་གིས།ཁྱེད་ཚོ་མདུན་ལ་མ་ཡོང་། སོ་ཐེ་ཨ་རབ་བྷེ་ཡ་དང་ཁཱ་ཀྲར་སོགས་དང་ང་ཚོའི་བར་གྱི་སྤུན་ཟླའི་འབྲེལ་བ་སྔར་བཞིན་མཉར་ཡོད། ཡིན་ན་ཡང་། དེ་དག་ཏུ་ཡོད་པའི་ཨ་རིའི་དམག་སྒར་དག་བདེ་འཇགས་མིན་ཞེས། རྒྱལ་ཁབ་འདི་དག་ཏུ་ཡོད་པའི་ཨ་རིའི་དམག་སྒར་དག་གི་སྟེང་གཏོར་རྒོལ་བྱ་རྒྱུ་ཡིན་པ་བཤད།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཨེ་རན་གཞུང་གིས་ངོ་རྒོལ་བ་ཚོར་དྲག་གནོན་བྱས་པའི་ཉེས་ཆད་དུ། ཨེ་རན་དང་ཚོང་འབྲེལ་ཡོད་པའི་རྒྱལ་ཁབ་་ཚོའི་སྟེང་སྒོ་ཁྲལ་བརྒྱ་ཆ་ 25% དགལ་རྒྱུ་བསྒྲགས་ཟིན་པ་ལྟར། དེའི་སྟེང་ཨེ་རན་གྱི་རྒྱལ་སྤྱིའི་དངུལ་རྩའི་མ་ལག་དང་ལས་བྱེད་འགའི་སྟེང་ཉེས་ཆད་བཀལ་ཟིན་པ་བསྒྲགས། དེའི་ཁྲོད་ཐེངས་འདིར་དྲག་གནོན་བྱེད་མཁན་གྱི་ཁྲོད་ཚུད་ཡོད་པའི་དམག་དོན་ལས་བྱེད་སོགས་ཡོད་པ་གསལ།

ཨ་རིར་ཡོད་པའི་ཨེ་རན་གྱི་རྒྱལ་སྲས་ཀྱིས། བདུན་ཕྲག་འདིའི་གཟའ་པ་སངས་ཉིན། ཨེ་རན་གྱི་རྒྱལ་སའི་ཕྱི་དྲོའི་ཆུ་ཚོད་ 6:30 སྟེང་རྒྱལ་སྤྱིའི་རང་བཞིན་ཅན་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་རྒྱུ་ཡིན་པ་བསྒྲགས། སྐབས་དེར་ཉེ་དུས་ཀྱི་ངོ་རྒོལ་སྐོར་དང་། ཨེ་རན་གཞུང་གིས་ངོ་རྒོལ་བ་ཚོར་དྲག་གནོན་བྱས་པའི་སྐོར་གནས་ཚུལ་ཞིབ་ཕྲ་ཕྱིར་བསྒྲག་རྒྱུ་ཡིན་པ་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག