•. རཱ་དམག་ཡུ་ཁུ་རན་གྱི་རྡོ་ཉད་སི་ཀི་ས་ཁུལ་གྱི་ཕོ་ཁི་རོ་ཝི་སི་ཀི་གྲོང་ཁྱེར་གྱི་མཐར་སླེབས་ཟིན་པ་ལྟར། ད་ལྟ་རཱ་དམག་ 1,000 ཡས་མས་གྲོང་ཁྱེར་ནང་དུ་འཛུལ་ཟིན་པ་དང་། གྲོང་ཁྱེར་གྱི་ལྷོ་ཡི་ཆ་ཤས་དག་རཱ་དམག་གིས་བཟུང་ཟིན་པའི་གནས་ཚུལ་ཐོན། སྲང་ལམ་དང་ཁང་པའི་བར་ནས་འཐབ་འཁྲུག་རྒྱག་མི་དགོས་ཆེད། རཱ་དམག་གིས་གྲོང་ཁྱེར་གྱི་མཐར་སྐོར་ཐབས་བྱེད་བཞིན་པ་དང་། གྲོང་ཁྱེར་ནང་ནས་ཡུ་དམག་ཕྱིར་རང་བཞིན་གྱིས་འཐེན་དུ་འཇུག་རྒྱུའི་ཐབས་བྱུས་བཟུང་ཡོད་པ་གསལ།
•. ད་ལྟ་བར་རཱ་དམག་གིས། ཕྱོགས་འདིར་ཡུ་དམག་གི་མཐའ་བསྐོར་ཟིན་པའི་རྟགས་གང་ཡང་མ་ཐོན་ནའང་། ཡུ་ཁུ་རན་གྱི་གསར་ཤོག་(RBC)ལྟར་ན། ལོ་རྗེས་མའི་ཕྱི་ཟླ་ 2 པའི་མཇུག་བར་དུ་རཱ་དམག་གིས། རྡོ་ཉད་སི་ཀི་མངའ་སྡེ་ཧྲིལ་བོ་འཛིན་ཐུབ་དགོས་པ། སྲིད་འཛིན་ཕུ་ཀྲན་གྱིས་བཀའ་བཏང་ཡོད་པའི་གནས་ཚུལ་བཀོད། གལ་སྲིད་རཱ་དམག་གིས། ཕོ་ཁི་རོ་ཝི་སི་ཀི་གྲོང་ཁྱེར་བཟུང་ཚེ་གཡུལ་སའི་ཐབས་བྱུས་ཀྱི་ཆ་ནས་རྒྱལ་ཁ་ཆེན་པོ་ཞིག་ཡིན་ནའང་། འབྱུང་འགྱུར་ཟླ་བ་ 4 ཡི་ནང་རཱ་དམག་གིས། རྡོ་ཉད་སི་ཀི་མངའ་སྡེ་ཧྲིལ་བོ་འཛིན་ཐུབ་པའི་རྣམ་པ་མི་འདུག
•. ཡུ་ཁུ་རན་གྱིས། ཕོ་ཁི་རོ་ཝི་སི་ཀི་གྲོང་ཁྱེར་ནས་རཱ་དམག་ཕྱིར་འདེད་ཆེད། དམིགས་བསལ་དམག་སྡེ་ཞིག་ཐད་འཕུར་གནམ་གྲུ་བརྒྱུད་ཛ་དྲག་ངང་མཁའ་ཐོག་ནས་གཡུག རཱ་ཤི་ཡས། འདིར་གཡུག་པའི་ཡུ་དམག་ཚང་མ་བསད་ཟིན་ཅེས་བཤད། ཡིན་ན་ཡང་། ཡུ་ཁུ་རན་གྱིས། སྔར་གཡུག་ཟིན་པའི་དམག་མི་དག་གི་སྟེང་། དམག་མི་གཞན་སྐོར་ཞིག་མངགས་ཟིན་པ་དང་། ད་ལྟ་གྲོང་ཁྱེར་འདི་ནས་རཱ་དམག་ཕྱིར་འདེད་རྒྱུའི་དམག་འཁྲུག་ཤུགས་ཆེ་རུ་བཏང་ཟིན་པ་བཤད། བྱ་འགུལ་འདིའི་ཁྲོད། རཱ་དམག་སྐོར་ཞིག་བསད་ཅིང་སྐོར་ཞིག་གསོན་བཟུང་བྱས་ཟིན་པ་བཤད། དེ་དང་མཐུན་པའི་བརྙན་ཞིག་ཀྱང་ཕྱིར་བཀྲམས།
•. མདང་དགོང་ཡུ་དམག་གིས། རཱ་ཤི་ཡའི་ནེ་ཤི་ནེ་ ནོ་ཝི་གྷོ་རོ་ཀྲི་མངའ་སྡེའི་རྡོ་སྣུམ་བཟོ་གྲྭ་ཞིག་ལ་གཏོར་རྒོལ་བྱས། འདི་ནི་རཱ་ཤི་ཡའི་རྡོ་སྣུམ་བཟོ་གྲྭ་ཆེ་ཤོས་ 5 ལས་གཅིག་ཡིན་པ་དང་། རྒྱལ་ས་མོ་སི་ཁོའི་ས་ཁུལ་དུ་འདི་ནས་རྡོ་སྣུམ་ཤུགས་ཆེན་འདྲེན་བཞིན་པ་ལ། ཉི་མ་རེར་འདི་ནས་རྡོ་སྣུམ་ལྕགས་ཟོ་གྲངས་ 340,000 ཐོན་སྐྲུན་བྱེད་བཞིན་པ་བཤད། གཞན་ཡང་ཡུ་དམག་གིས། རཱ་ཤི་ཡའི་བྷ་ཤི་ཀོར་ཏོ་སི་ཐན་ས་ཁུལ་གྱི་རྫས་སྦྱོར་བཟོ་གྲྭ་ཆེན་པོ་ཞིག་ལ་སྒྲི་རོན་གྱིས་གཏོར་རྒོལ་ཐེངས་འགར་བྱས། གོང་གི་གཏོར་རྒོལ་གཉིས་དང་འབྲེལ་བའི་བརྙན་པར་ཡང་ཕྱིར་བཀྲམས།
•. བྷི་ལུམ་བྷར་གྷི་སྟེང་གནས་ཚུལ་བཀོད་པ་ལྟར་ན། དབྱིན་ཇི་སྲིད་གཞུང་གིས་ཡུ་ཁུ་རན་ལ། ཐག་རིང་སྙོབས་པའི་འཕུར་མདའ་(Storm-Shasdow)སྔར་ལས་མང་བ་བཏང་ཟིན་པ་བཤད།
གྲངས་ཀ་ཅི་ཙམ་སྤྲད་ཡོད་མེད་མི་གསལ་ནའང་། ད་ལོའི་དགུན་ཁར་འདང་ངེས་ཤིག་སྤྲད་ཡོད་པ་བཤད། སྤྱིར་འཕུར་མདའ་འདིར་སྙོབས་ཚད་འདྲ་མིན་ཡོད་པ་ལ། ཡུ་ཁུ་རན་ལ་སྤྲད་པ་དག་ནི་སྙོབས་ཚད་སྤྱི་ལེ་ 250 ཅན་ཡིན། འཕུར་མདའ་འདི་ནི་དམའ་སར་འཕུར་ཐུབ་ཅིང་།འཕུར་ཚད་ཧ་ཅང་མགྱོགས་པས། རཱ་ཤི་ཡའི་གནམ་སྲུང་མ་ལག་གིས་དུས་ལྟར་ཚོར་མ་ཐུབ་ཚེ་འགོག་རྒྱུ་དཀའ་བ་གསལ།
དཀྱིལ་ཤར
རྒྱལ་སྤྱིའི་གསར་འགྱུར་གཞན་ཁག
•. དེ་རིང་ཨ་རིའི་རྒྱལ་ནང་དུ་ས་གནས་རང་བཞིན་ཅན་གྱི་འོས་བསྡུ་འགའ་འགོ་བཙུགས། འོས་བསྡུ་འདི་དག་ནི་ཨ་རིའི་ནང་སྲིད་ལ་དོ་སྣང་བྱེད་མཁན་ཞིག་ཡིན་ན་ཧ་ཅང་གལ་ཆེ་བར་བརྩི། དང་པོ། དེ་རིང་ནེའུ་ཡོག་གྲོང་ཁྱེར་གྱི་སྤྱི་ཁྱབ་གསར་བ་འདེམས་བཞིན་ཡོད། ནེའུ་ཡོག་གྲོང་ཁྱེར་ནི། མང་གཙོ་ཚོགས་པས་ཡུན་རིང་ནས་བཟུང་ཡོད་པ་ཞིག་ཡིན་པ་ལ། ལོ་འདིའི་འོས་བསྡུ་ནི་དམིགས་བསལ་ཅན་ཞིག་ཏུ་གྱུར། དེ་ནི་རང་ཉིད་:མང་གཙོའི་སྤྱི་ཚོགས་རིང་ལུགས་པ་:ཞིག་ཡིན་པར་བཤད་པ། ཁ་ཆེ་ན་གཞོན་ལོ་ན་ 34 ཅན་མིང་ལ་ཛོ་རན་མམ་ཀྲ་ནེ་ཞེས་པ་ཞིག་འོས་མིར་ལངས་ཡོད་པ་དེ་གྱུར། ཁོ་ནི་རང་དབང་ཅན་གྱི་འོས་མི་ཞིག་ངོ་བོ་ནས་ལངས།
•. :མང་གཙོའི་སྤྱི་ཚོགས་རིང་ལུགས་:ཞེས་པའི་ནང་དོན་ཅི་ཞིག་ཡིན་པ། སུ་ལའང་མཚན་ཉིད་ཁ་གསལ་ཞིག་བཤད་རྒྱུ་མེད་ནའང་། ཁོ་རང་གི་སྐད་ཆ་ལྟར་ན། དེ་ནི་སྤྱི་དམངས་ཀྱི་བདེ་དོན་ལ་གཙོ་བོ་དམིགས་པའི་ཡུ་རོབ་བྱང་ཕྱོགས་ཀྱི་རྒྱལ་ཁབ་ཚོའི་ལམ་ལུགས་ལྟ་བུ་ཞིག་ཡིན་པ་བཤད། སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་གཙོས། སྤྱི་མཐུན་ཚོགས་པའི་ཆབ་སྲིད་པ་དང་རྙིང་ཞེན་པ་དག་གིས། ཨ་རིའི་རླབས་ཆེ་བའི་གྲོང་ཁྱེར་འདི། ད་ལྟ་དམར་ཤོག་པ་ཞིག་གི་ལག་ཏུ་འཆོར་རྒྱུའི་ཉེན་ཁ་ཆེ་བ་དང་། སྡུག་ས་ནས་ཐལ་མཐའ་ལྷུང་བའི་འོས་མི་འདི་ནི། མང་གཙོ་ཚོགས་པའི་ད་ལྟའི་ངོ་གདོང་དངོས་དང་། མང་གཙོ་ཚོགས་པའི་འབྱུང་འགྱུར་གྱི་ཁ་ཕྱོགས་དེ་རེད་ཅེས། སྲིད་དོན་གྱི་རྩེད་མོ་ནེའུ་ཡོག་གྲོང་ཁྱེར་ལས་ཀྱང་གཞི་རྒྱ་ཆེ་བ་ཅན་ཞིག་གི་འགོ་བཟུང་།
•. སྒྲོ་ནལ་ཁྲི་རམ་ཕུས་མདང་དགོང་། གལ་སྲིད་དམར་ཤོག་རིང་ལུགས་པ་འདི་ལ་རྒྱལ་ཁ་ཐོབ་ཚེ། འབྱུང་འགྱུར་དབུས་གཞུང་གིས་ནེའུ་ཡོག་གྲོང་ཁྱེར་ལ་རོགས་སྐྱོར་གཅོད་སྲིད་པའི་ཉེན་བརྡ་བཏང་ཞིང་། མི་འདི་ལས་འོས་མི་གཞན་ཨན་སྒྲི་རེའོ་ ཁའོ་མོ་(Andrew Cuomo)ཡག་པོ་ཡོད་པ་བཤད། ཁའོ་མོ་ནི་སྔར་ཕྱི་ལོ་ 2011 ནས་ནེའུ་ཡོག་གྲོང་ཁྱེར་གྱི་སྤྱི་ཁྱབ་ཐེངས་ 3 ལ་བྱས། ཁོ་ནི་མང་གཙོ་ཚོགས་པའི་ཆབ་སྲིད་པ་ཞིག་ཡིན་ནའང་། སྒྲོ་ནལ་ཁྲི་རམ་ཕུ་ལ་ཁོ་ལས་གདམ་ཀ་གཞན་ཞིག་མེད་པ་གསལ། སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེ་བའི་གྲོས་ཚོགས་གོང་མའི་འཐུས་མི་བྷར་ནེ་སན་ཀྲར་སི་ཡིས་མདུན་ལ་ཐོན་ནས་ཁ་ཆེ་ན་གཞོན་འདི་ལ་རྒྱབ་སྐྱོར་བྱས་ཀྱང་། དོན་ལ་མང་གཙོ་ཚོགས་པའི་ཆབ་སྲིད་པ་རྒན་པ་མང་པོ་ཞིག་གིས། ཁོ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཅུང་འཛེམས་བཞིན་པ་གསལ་བོར་མཐོང་ཐུབ། གལ་སྲིད་ཁོ་ལ་རྒྱལ་ཁ་ཐོབ་ཚེ་ནེའུ་ཡོག་གྲོང་ཁྱེར་གྱི་སྤྱི་ཁྱབ་ཁ་ཆེ་ཐོག་མ་དེ་འགྱུར་རྒྱུ།
•. འོས་བསྡུ་གཞན་ཞིག་ནི། ཁཱ་ལི་ཧྥོར་ནེ་ཡ་མངའ་སྡེར་འོས་བསྡུའི་ས་ཁོངས་འགྱུར་བ་གཏོང་མིན་ཐད་འོས་བླུག་བཞིན་པ་དེ་གྱུར། ཉེ་དུས་ནས་ལྷོ་ཕྱོགས་ཀྱི་ཀྲེག་ས་སི་མངའ་སྡེར། སྤྱི་མཐུན་ཚོགས་པས་འོས་བསྡུའི་ས་ཁོངས་འགྱུར་བ་གཏོང་རྒྱུར་འབད་པ་བྱེད་བཞིན་པ་དང་། འདིའི་ལན་དུ་མང་གཙོ་ཚོགས་པས་བཟུང་བའི་ཁཱ་ལི་ཧྥོར་ནེ་ཡ་མངའ་སྡེར་དེ་ལྟར་བྱེད་འགོ་བཙུགས། འདི་ནི་ཁྲིམས་མཐུན་ཞིག་ཡིན་པ་ལ་མངའ་སྡེའི་འཛིན་སྐྱོང་ས་ཁོངས་བསྒྱུར་བཅོས་བྱས་པ་བརྒྱུད། ཕྱི་ལོ་ 2026 ལོའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་ཁྲོད། རང་གི་ཆབ་སྲིད་ཚོགས་པའི་འཐུས་མི་མང་བ་སླེབས་ཐབས་ཆེད་གྲ་སྒྲིག་བྱེད་བཞིན་པ་ཞིག་རེད།
•. གཞན་ཡང་ནེའུ་རྗར་སེ་མངའ་སྡེའི་སྤྱི་ཁྱབ་འདེམས་རྒྱུའི་འོས་བསྡུ་སྤེལ་བཞིན་ཡོད། ད་ལྟ་བར་མངའ་སྡེ་འདི་ནི་མང་གཙོ་ཚོགས་པའི་ཕྱོགས་སུ་ལངས་མཁན་ཞིག་ལ་ངོས་འཛིན་ཡོད་ནའང་། ད་ལྟ་སྤྱི་མཐུན་ཚོགས་པ་དང་། མང་གཙོ་ཚོགས་པའི་འོས་མི་གཉིས་ཀྱི་བར་འོས་གྲངས་ཁྱད་པར་ཆེན་པོ་མེད་པའི་གནས་ཚུལ་ཐོན། དེ་བཞིན་ཝིར་ཇི་ནེ་ཡ་མངའ་སྡེའི་སྤྱི་ཁྱབ་ཀྱང་འདེམས་བཞིན་ཡོད། ཝིར་ཇི་ནེ་ཡ་མངའ་སྡེ་ནི། ནམ་རྒྱུན་འོས་བསྡུའི་སྐབས་ཆབ་སྲིད་ཚོགས་པ་གང་ལའང་འགྱུར་ཆོག་པ་(Swing state)ཞིག་ལ་ངོས་འཛིན། དེར་བརྟེན་ཐེངས་འདིར་མངའ་སྡེ་འདི་གཉིས་ཀྱི་འོས་བསྡུའི་གྲུབ་འབྲས་ཀྱིས། ད་ལྟའི་ཨ་རིའི་རྒྱལ་ནང་གི་ཆབ་སྲིད་གནས་བབ་གང་འདྲ་ཞིག་ཡིན་པའི་ཟུར་ཆེན་པོ་ཞིག་སྟོན་ཐུབ་པ་དབྱེ་ཞིབ་པ་ཚོས་བཤད།
