ཨེ་ཤ་ཡ།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

གཏེར་ཁ་བསྔོག་སར་མི་ 18 བསད།

ས་གནས་ཀྱི་སྔ་དྲོའི་ཆུ་ཚོད་ 11:00 ཡས་མས་སུ། རྒྱ་གར་བྱང་ཤར་གྱི་མཱ་གྷ་ལ་ཡ་མངའ་སྡེར་གཏེར་ཁ་བསྔོག་ས་ཞིག་ཏུ་གས་འཐོར་ཞིག་བྱུང་བས། གཏེར་ཁ་སྔོག་མཁན་གྲངས་ 18 རྐྱེན་འདས་སུ་ཕྱིན་ཟིན་པའི་གནས་ཚུལ་ཐོན།

ཉི་ཧོང་ནས་དོམ་ཕྲ་གཉིས་རྒྱ་ནག་ལ་ཕྱིར་བསློགས།

ཉི་ཧོང་གཞུང་གིས་རང་གི་ཉ་བ་ཚོར་མཚོ་ཐོག་ཏུ་རྒྱ་ནག་གི་གྲུ་གཟིངས་དག་དང་གདོང་ཐུག་རྒྱག་རྒྱུར་འཛེམས་དགོས་ཞེས་ཉེན་བརྡ་བཏང་ཡོད་པའི་གནས་ཚུལ་ཐོན། 

ཨ་རིར་རྡུལ་མཚོན་གསང་གནས་སྤྲོད་ཀྱི་འདུག་ཅེས་བཤད།

རྒྱ་ནག་གི་ཆེས་མཐོའི་དམག་སྤྱི་ཀྲང་ཡོ་ཤ་(张又侠)ཡིས། རྡུལ་མཚོན་ལས་གཞི་དང་འབྲེལ་བའི་ཆེས་མཐོའི་གསང་གནས་ཨ་རིར་སྤྲོད་བཞིན་པ་དང་། དེའི་བདེན་དཔང་ཡིན་ཞེས། རྒྱ་ནག་རྒྱལ་ཡོངས་ཉིང་རྡུལ་ཚོགས་པའི་(中核集团)སྤྱི་ཁྱབ་སྟངས་འཛིན་པ་ཟུར་བས་ཡིག་ཆ་སོགས་སྤྲད་ཡོད་པ་བཤད།

རྒྱ་ནག་དམག་སྤྱི་གཉིས་གོ་ས་ནས་འཕབ།

རྒྱ་ནག་གི་ཆེས་མཐོའི་དམག་སྤྱི་ཀྲང་ཡོ་ཞང་(张又侠)ལ་ཞིབ་འཇུག་འགོ་བཙུགས་ཟིན་པ་བསྒྲགས་ཤིང་། དོགས་ཡོད་ནག་ཉེས་ནི་{ཁྲིམས་དང་ཀུན་སྤྱོད་ལ་འགལ་བའི་ལས་ཚབས་ཆེན་བརྩམས་}ཟིན་ཡོད་མེད་དེ་ཡིན་པར་བཤད།

མེ་འཁོར་ནང་དུ་མི་ 32 རྐྱེན་འདས་སུ་ཕྱིན། 

ཐེ་ལན་དུ་འཛུགས་སྐྲུན་གྱི་ལྕགས་ཤིག་མེ་འཁོར་སྟེང་འགྱེལ་བས། མེ་འཁོར་ནང་གི་མི་མང་པོ་བསད་ཅིང་། མང་པོ་ཞིག་ལ་རྨས་སྐྱོན་བཟོས། ཐེ་ལན་གཞུང་གིས་འདི་ལ་ཞིབ་འཇུག་བྱེད་བཞིན་པ་བསྒྲགས།

སྲོག་ཁྲིམས་གཅོད་རྒྱུར་འབོད་སྐུལ། 

ཕྱི་ལོ་ 2024 ཟླ་ 12 ཚེས་ 3 ཉིན་གློ་བུར་དུ་རྒྱལ་ཡོངས་སུ་དྲག་པོའི་བཀའ་རྒྱ་བསྡམས་པ་དང་འབྲེལ། ལྷོ་ཀོ་རེ་ཡའི་ནག་ཉེས་འཛུགས་མཁན་སྐོར་ཞིག་གིས། སྲིད་འཛིན་ཟུར་བ་ཡོན་སོག་ཡོང་ལ་སྲོག་ཁྲིམས་གཅོད་རྒྱུར་ཁྲིམས་ཁང་ལ་ཞུ་ཡིག་ཕུལ།

ཁྱེད་རང་ཤི་ཟིན་པ་ཡིན་ནམ།

མིང་ལ་ཁྱེད་རང་ཤི་ཟིན་པ་ཡིན་ནམ་ཞེས་པའི་ཁ་པར་མཉེན་ཆས་ཤིག་རྒྱ་ནག་ཏུ་འཕབ་ལེན་བྱེད་གྲངས་ཤུགས་ཆེན་འཕར། འདིས་རྒྱ་ནག་ཏུ་ཁེར་རྐྱང་དུ་ལྷག་མཁན་གྱི་མི་འབོར་གྲངས་འཕར་བཞིན་པ་བསྟན།

ཞེ་ཅེན་ཕིན་གྱི་ལོ་སར་གྱི་གཏམ་བཤད།

ཞེ་ཅེན་ཕིན་གྱིས། རྒྱལ་སྤྱིའི་འགྲན་རྩོད་ཁྲོད་ཀྲུང་གོས། ཐབས་བྱུས་ཀྱི་དམིགས་ཡུལ་དག་འགྲུབ་ཆེད་ལག་བསྟར་གསར་བ་འགོ་གཟུག་དགོས་པ་བཤད། ཐེ་ཝན་དང་འབྲེལ་ཁོས། མཚོ་འགག་གཉིས་ཀྱི་མི་དམངས་རྣམས། ཕན་ཚུན་ཁྲག་གིས་སྦྲེལ་ཡོད་པ་དང་། མེས་རྒྱལ་གཅིག་གྱུར་བྱ་རྒྱུའི་ལམ་ཀ་སུས་ཀྱང་འགོག་མི་ཐུབ་ཅེས་བཤད།

ཞེ་ཅེན་ཕིན་ངའི་གྲོགས་པོ་ཡིན་པས་སེམས་ཁྲལ་མེད།

གསར་འགོད་པས་སྒྲོ་ནལ་ཁྲི་རམ་ཕུ་ལ་རྒྱ་ནག་གིས་ཐེ་ཝན་མཚོ་འགག་ཏུ་དམག་སྦྱོང་བྱེད་བཞིན་པའི་ཐད་སྐད་ཆ་དྲིས་པར། ཁོས། ཁོ་ཚོས་འདས་པའི་ལོ་ངོ་ 20 རིང་དམག་སྦྱོང་བྱེད་བསྡད་པ་རེད། ང་དང་སྲིད་འཛིན་ཞེ་ཅེན་ཕིན་བར་གྱི་འབྲེལ་བ་ཧ་ཅང་ཡག་པོ་ཡོད་པས་སྐྱོན་ཡོད་པ་མི་འདོད་ཅེས་བཤད།