ད་ལོའི་ཕྱི་ཟླ་ 7 པའི་ནང་གི་རྒྱ་ནག་གི་དཔལ་འབྱོར་སྙན་ཐོ་ལྟར་ན།ཕྱི་ཟླ་ 7 ནང་རྒྱ་ནག་གི་བཟོ་གྲྭའི་ཐོན་སྐྲུན་གྱི་ཡར་རྒྱས་ཚད་བརྒྱ་ཆ་ 4.8% འཕར་རྒྱུ་སྔོན་དཔག་བྱས་ཀྱང་། བརྒྱ་ཆ་ 4.5% ལས་འཕར་མ་ཐུབ། འཛད་སྤྱོད་པས་ཐད་ཀར་ཐོན་ཟོག་ཉོས་པའི་ཚད་བརྒྱ་ཆ་ 1.5% ལ་འཕར་རྒྱུ་ཚོད་དཔག་བྱས་ཀྱང་། བརྒྱ་ཆ་གྲངས་ཆུང་ 0.6% ལས་འཕར་མ་ཐུབ། འཛུགས་སྐྲུན་དང་ཚོང་ལས་ཁྲོད་མ་རྐང་བཞག་པའི་ཚད་བརྒྱ་ཆ་ 6.7% མར་ལྷུང་ཞིང་། འདས་པའི་ཟླ་བ་ 7 གྱི་རིང་གི་སྡུག་ཤོས་དེ་གྱུར། སྡོད་ཁང་གི་རིན་གོང་ཕྱི་ཟླ་ 6 ནང་བརྒྱ་ཆ་གྲངས་ཆུང་ 0.1% ཟག་ཟིན་པ་ལ། ཕྱི་ཟླ་ 7 ནང་བརྒྱ་ཆ་ 3.2% མར་ཟག
ཞིབ་འཇུག་སྙན་ཐོ་ལྟར་ན། རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་འབྱོར་བརྒྱ་ཆ་ 52% ས་ཁང་དང་འབྲེལ་བ་ཡོད་པས། ས་ཁང་གི་རིན་གོང་མར་ཆག་པ་དང་ལྷན། ཁྱིམ་བདག་ཚོས་རླངས་འཁོར་སོགས་ཅ་དངོས་ཉོ་རྒྱུའམ། ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ་ནི། ཕྱི་ཟླ་ 7 ནང་ཡར་རྒྱས་ཚད་ཚོད་དཔག་ལྟར་ཡར་འཕར་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་དང་། དེ་བཞིན་ཕྱི་ཟླ་ 7 ནང་རྒྱ་ནག་ཏུ་མཚོ་རླུང་དྲག་པོ་ 3 སླེབས་པ་དེས། ཡུལ་སྐོར་དང་འགྲིམ་འགྲུལ་ལ་གནོད་པ་བསྐྱལ་ཡོད་པ་དེའང་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པ་བཤད། དེ་བཞིན་ཕྱི་ཟླ་ 7 ནང་རྒྱལ་ནང་དུ་རླངས་འཁོར་འཚོང་བའི་ཚད་བརྒྱ་ཆ་ 20% མར་ཟག
ཡིན་ན་ཡང་། ཕྱིར་ཚོང་གི་ཐད་ནས་ཕྱི་ཟླ་ 7 ནང་རིན་ཐང་ཨ་སྒོར་ཐེར་འབུམ་ $100 ལས་བརྒལ་ཅིང་། ལོ་ཧྲིལ་བོར་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ $1 ལས་བརྒལ་རྒྱུ་ཡིན་པ་ཚོད་དཔག་བྱེད། ལྷག་པར་ད་ལོའི་ལོ་འགོའི་ཟླ་བ་ 6 གི་རིང་། རྒྱ་ནག་གི་རླངས་འཁོར་ཕྱིར་འཚོང་གི་ཚད་ལོ་སྔོན་མའི་དུས་ཡུན་གཅིག་པ་དང་བསྡུར་ན་བརྒྱ་ཆ་ 71% ཡར་འཕར་ཅིང་། ཕྱི་ཟླ་ 7 ནང་རླངས་འཁོར་གྲངས་ 923,000 ཕྱི་རྒྱལ་ལ་བཙོང་ཟིན་པའམ། རླངས་འཁོར་ཕྱིར་འཚོང་གི་ཚད་བརྒྱ་ཆ་ 88% ལ་བུད། ཡིན་ན་ཡང་། ཕྱིར་འཚོང་གཅིག་བུས་རྒྱ་ནག་གི་ད་ལོའི་དཔལ་འབྱོར་ཡར་རྒྱས་ཀྱི་དམིགས་འབེན་ཟིན་དཀའ་བ་སྔོན་དཔག་བྱེད།
