བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན་ནས་རྒྱ་གར་གྱི་ན་གཞོན། ཨ་བྷེ་ཇེ་ཀྲི་(Abhijeet Dipke)ཡིས་དྲྭ་ལམ་དུ་བཙུགས་པ། ཀོ་ཀི་རོ་ཆི་མི་དམངས་ཆབ་སྲིད་ཚོགས་པས། རྒྱ་གར་གྱི་ཤེས་ཡོན་ལ་བསྐྱར་བཅོས་དང་། ཤེས་རིག་བློན་ཆེན་དགོངས་པ་ཞུ་དགོས་པ་སོགས་ཀྱི་དགོས་འདུན་འོག རྒྱལ་ས་ལྡི་ལིའི་གྲོས་ཚོགས་ཁང་གི་ཕྱོགས་སུ་ངོ་རྒོལ་གོམ་བགྲོད་འགོ་བཙུགས། བདེ་སྲུང་མི་སྣས་ན་གཞོན་ངོ་རྒོལ་བ་དག་འགོག་ཆེད་དུག་རླངས་གཏོར་བ་སོགས། གནས་ཚུལ་ཧ་ཅང་ཟང་ཟིང་དུ་གྱུར།
ཁ་སང་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཆེ་ཤོས་གཉིས་པ། ཀོང་རེ་སེའི་དབུ་ཁྲིད། རཱ་ཧུ་གྷན་དྷིའང་ངོ་རྒོལ་འདིའི་ཁྲོད་ཞུགས་ཤིང་། ཁོ་གཙོས་འཐུས་མི་སྐོར་ཞིག་སྲིད་བློན་མོ་དྷིའི་སྡོད་གནས་ཀྱི་སྒོ་ཆེན་ཕྱི་རོལ་དུ་བསྡད་ནས་ངོ་རྒོལ་བྱས། རཱ་ཧུ་གྷ་དྷི་བདེ་སྲུང་མི་སྣས་བཙན་གྱིས་འཁྱེར་བཞིན་པའི་བརྙན་པར་ཕྱིར་ཐོན། ཡིན་ན་ཡང་། རྗེས་སུ་ཁོ་ཚོ་ཉེན་རྟོག་པས་གློད། གཟའ་ཟླ་བའི་ཉིན་བདེ་སྲུང་མི་སྣས་ངོ་རྒོལ་བ་ཚོའི་སྟེང་རྩུབ་སྤྱོད་བཀོལ་ཟིན་པ་དང་། ད་ལོར་ཡིག་རྒྱུགས་ཀྱི་དྲི་ཤོག་ཕྱི་ལ་ཤོར་བའི་ཐད། གྲོས་ཚོགས་སུ་རྩོད་པ་བྱ་རྒྱུར་ཕྱོགས་འགལ་འཐུས་མི་ཚོས་སྙན་ཞུ་ཕུལ་ཟིན་པའི་གནས་ཚུལ་ཞིག་ཐོན།
སྲིད་བློན་མོ་དྷི་དང་ཤེས་རིག་བློན་གཉིས་ཀྱིས་ཀྱང་། འདིའི་སྐོར་དང་གནས་ཚུལ་གཞན་དག་གི་ཐད། གྲོས་ཚོགས་སུ་རྩོད་པ་བྱ་རྒྱུའི་འདོད་པ་ཡོད་པ་བཤད། དེ་རིང་ཡང་བསྐྱར་ལྡི་ལིའི་ཅན་ཀྲར་མན་ཀྲར་ས་ཁུལ་དུ། ངོ་རྒོལ་བ་ 1,000 ཡས་མས་འདུས་ཤིང་དེ་དང་ལྷན་རྒྱལ་སའི་དབུས་ཁུལ་གྱི་བདེ་སྲུང་དམ་དུ་ཕྱིན་ཅིང་། ས་འོག་མེ་འཁོར་འབབ་ཚུགས་ 16 བདེ་འཇགས་ཀྱི་ཆེད་སྒོ་བརྒྱབས་ཟིན་པ་བསྒྲགས།
ད་ལྟ་ན་གཞོན་ཚོའི་ངོ་རྒོལ་འདི་གཞི་རྒྱ་ཆེ་རུ་ཕྱིན་ཅིང་། རྒྱ་གར་གྱི་གྲོང་ཁྱེར་གཞན་མོན་བྷའེ་དང་བྷེང་ལོར། ཀ་ལི་ཀ་ཏ། ཨ་མེ་རྡ་བྷ་རྡི་སོགས་སུ་ཁྱབ་པ་མ་ཟད། ལྷོ་ཕྱོགས་ཀྱི་གྷོ་ཝ་དང་བྱང་ཕྱོགས་ཀྱི་རྗ་མུ་ས་ཁུལ་བར་ཁྱབ། དེ་རིང་རཱ་ཧུ་གྷན་དྷིས་འགོ་འཁྲིད་པའི་ཕྱོགས་འགལ་ཆབ་སྲིད་ཚོགས་པ་ཚོའི་འཐུས་མི་སྐོར་ཞིག་ཡང་བསྐྱར་ངོ་རྒོལ་ཆེད་འཛོམས།མང་པོས་ལྭ་བ་ནག་པོ་གྱོན་ཞིང་ཤེས་རིག་བློན་ཆེན་དྷར་མན་རྡི་ར་དགོངས་པ་ཞུ་རྒྱུའི་དགོས་འདུན་བཏོན།
ཀོ་ཀི་རོ་ཆི་ཞེས་པ་ནི་བཙོག་པའི་གནས་སོགས་སུ་སྡོད་པའི་འབུ་ཞིག་གི་མིང་ཡིན་པ་དང་། ད་ལོའི་ཕྱི་ཟླ་ 5 ཚེས་ 15 ཉིན་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་དཔོན་གྱིས། ཉན་ཞིབ་ཅིག་གི་སྐབས་སུ་ན་གཞོན་སྐོར་ཞིག་ནི་ཀོ་ཀི་རོ་ཆི་ལྟར། ལས་ཀ་དང་ཆེད་ལས་གང་ཡང་མ་རག་པར། སྤྱི་ཚོགས་དྲྭ་རྒྱའི་སྟེང་དུ་ལས་འགུལ་བ་གྱུར་ནས་ཚང་མར་ཁ་རྡུང་གཏོང་བཞིན་འདུག་ཅེས་བཤད། སྐད་ཆ་འདི་དེ་མ་ཐག་གསར་ལམ་དང་དྲྭ་ལམ་དུ་ཁྱབ། ཉིན་མ་དེའི་ཕྱིན་ཉིན་ཏེ་ཚེས་ 16 ཉིན།སྐབས་དེར་ཨ་རིར་སློབ་སྦྱོང་བྱེད་བཞིན་པ། ན་གཞོན་ཨ་བྷེ་ཇེ་ཀྲི་(Abhijeet Dipke)
ཡིས། ཀོ་ཀི་རོ་ཆི་མི་དམངས་ཆབ་སྲིད་ཚོགས་པ་ཞེས་པ་བཙུགས་ཟིན་པ་དྲྭ་ལམ་དུ་བསྒྲགས།
དུས་ཚོད་ཧ་ཅང་ཐུང་ངུ་ཞིག་གི་ནང་དུ་ཁོའི་དྲྭ་རྒྱའི་སྟེང་ཞུགས་མཁན་བརྒྱ་ཕྲག་ནས་ས་ཡ་བར་འཕར། རིམ་གྱིས་འདི་ནི་གཞི་རྒྱ་ཆེ་བའི་ན་གཞོན་ཚོའི་ལས་འགུལ་ཞིག་ཏུ་གྱུར་ཅིང་། ཐོག་མར་འགོ་འཛུགས་མཁན་ཨ་བྷེ་ཇེ་ཀྲི་ཨ་རི་ནས་རྒྱ་གར་དུ་སླེབས། རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་བཙུགས། ཁོས། ན་གཞོན་ལས་མེད་མང་བའི་དཀའ་ངལ་འདིའི་འགན། གཞུང་དང་ཤེས་ཡོན་སྲིད་བྱུས་ལ་ཡོད་པ་བཤད་ཅིང་།ལྷག་པར་ད་ལོར་གསོ་རིག་སློབ་རྒྱུགས་ཀྱི་དྲི་ཤོག་ཡིན་པར་བཤད་པ།ཡིག་ཆ་མང་པོ་ཞིག་དྲྭ་ལམ་དུ་ཁྱབ་པ་དེ་ཁོས་འབུར་དུ་བཏོན་ཅིང་། འདི་ནི་ཡིག་རྒྱུགས་ཁྲོད་ལྐོག་ཟའི་གནད་དོན་ཡོད་པའི་རྟགས་ཡིན་པ་དང་། ཤེས་རིག་བློན་ཆེན་གྱིས་དགོངས་པ་ཞུ་དགོས་པ་བསྒྲགས།
ངོ་རྒོལ་འདིའི་ཁྲོད་ལ་དྭགས་ཀྱི་ཤེས་ཡོན་ཞབས་ཞུ་བ་དང་། ཁོར་ཡུག་སྲུང་སྐྱོབ་པ་གྲགས་ཅན་བསོད་ནམས་དབང་ཕྱུག་ཞུགས་ཤིང་། ཁོས་འདས་པའི་ཉིན་ 20 ཡི་རིང་ཟས་བཅད་ངོ་རྒོལ་ཡང་བྱས་པ་དེས། ན་གཞོན་ཚོའི་ངོ་རྒོལ་འདི་ལ་རྒྱལ་ཡོངས་སུ་དོ་སྣང་བྱུང་དུ་བཅུག་ཅིང་།སྣང་མེད་བྱ་ཐུབ་པ་ཞིག་མིན་པ་གསལ་བོར་གྱུར། ཁ་སང་གཞི་ནས་ཤེས་རིག་བློན་ཆེན་གྱིས། གསོ་རིག་དྲི་ཤོག་དང་འབྲེལ་བའི་གནད་དོན་སོགས། ན་གཞོན་ཚོས་སེམས་ཁྲལ་བྱ་ས་དག་གི་སྐོར་ལ་ལས་ཀ་བྱ་རྒྱུའི་དམ་བཅའ་བརྒྱ་ཆ་ 100% ཡོད་ཅེས་ཐོག་མར་ཁ་གྲགས།
སྲིད་བློན་མོ་དྷི་ཡིས་ཤེས་རིག་བློན་ཆེན་དྷར་མན་རྡི་ར་(Dharmendra Pradhan)གོ་ས་ནས་གཡུག་ཐུབ་ཀྱི་མེད་པ་ནི། མི་འདི་བྷི་ཇི་པི་ཆབ་སྲིད་ཚོགས་པའི་ནང་དུ། ཧ་ཅང་གལ་ཆེན་ཞིག་ཡིན་པས་རེད་ཅེས་ཤོད་མཁན་བྱུང་། རྒྱ་གར་དུ་ན་གཞོན་ལས་མེད་ཀྱི་གྲངས་མང་བའི་དཀའ་ངལ་ནི། མོ་དྷི་སྲིད་གཞུང་གི་མདུན་གྱི་གནད་དོན་ཆེ་ཤོས་ཤིག་སྔར་ནས་ཡིན་པའི་སྟེང་། ཕྱི་ལོ་ 2024 ལོའི་གྲོས་ཚོགས་འོས་བསྡུའི་སྐབས་སུ་བྷི་ཇི་པི་ཆབ་སྲིད་ཚོགས་པས། ཚོད་དཔག་ལྟར་གྱི་རྐུབ་སྟེགས་མང་པོ་ཞིག་འཛིན་མ་ཐུབ་ཅིང་། ཀོང་རེ་སེ་ཚོགས་པར་སྔོན་དཔག་ལས་བརྒལ་བའི་རྒྱལ་ཁ་འགའ་ཐོབ། ཐེངས་འདིའི་ན་གཞོན་ཚོའི་ངོ་རྒོལ་འདི་ནི། ཕྱི་ལོ་ 2014 ལོར་དྷི་སྲིད་སྟེགས་སུ་སླེབས་རྗེས་ཀྱི་གནད་དོན་ཆེན་པོ་ཞིག་ཏུ་གྱུར།
See less
