རྒྱལ་སྤྱིའི་བུམ་པ་རྟགས་ཅན་གྱི་སྐྱེས་པའི་རྐང་རྩེད་སྤོ་ལོ་རྩེད་འགྲན་ཐེངས་ཉེར་གསུམ་པ་དེ། ད་ལོའི་ཕྱི་ཟླ་ 6 ཚེས་ 11 ཉིན་ནས་བྱང་ཨ་རིའི་རྒྱལ་ཁབ་གསུམ་དུ་འགོ་བཙུགས་ཤིང་། ཐེངས་འདིར་རྒྱལ་ཡོངས་རུ་ཁག་ 48 ཞུགས། དེ་དག་གིས་ཉི་མ་ 39 ལ་གྲོང་ཁྱེར་འདྲ་མིན་ཁག་ 16 དུ་འགྲན་བསྡུར་ཐེངས་ 104 བྱས་ཤིང་། འདི་ནི་འཛམ་གླིང་གི་བུམ་པ་རྟགས་ཅན་གྱི་རྐང་སྤོ་འགྲན་བསྡུར་གཞི་རྒྱ་ཆེ་ཤོས་དེ་གྱུར།
བྱང་ཨ་རིའི་ཆུ་ཚོད་ཀྱི་དབང་དུ་བྱས་ན་ཁ་སང་གཟའ་ཉི་མ་སྟེ། ཚེས་ 19 ཉིན་གྱི་ས་གནས་ཀྱི་ཉིན་རྒྱབ་ཆུ་ཚོད་ 3:30 ནས་མཐའ་མའི་འགྲན་རྩོད་དེ་སི་པན་དང་ཨར་ཇིན་ཀྲི་ན་བར་བྱས། དེའི་ཁྲོད་ཨར་ཇིན་ཀྲི་ནའི་རུ་ཁག་གིས་སྤོ་ལོ་གང་ཡང་བླུག་མ་ཐུབ་པ་དང་། སི་པན་གྱིས་གཅིག་བླུག་པ་ལ་བརྟེན་ནས། ཐེངས་འདིའི་རྒྱལ་སྤྱིའི་བུམ་པ་རྟགས་ཅན་གྱི་རྐང་སྤོ་འགྲན་བསྡུར་གྱི་མཐའ་མའི་རྒྱལ་ཁ་ལེན་མཁན་དེ་སི་པན་གྱུར།
ནམ་རྒྱུན་གྱི་རྩེད་འགྲན་དུས་ཡུན་དེ་སྐར་མ་ 45 ཅན་གཉིས་ཏེ། ཁྱོན་སྐར་མ་ 90 ཡིན་པ་ལ། ཐེངས་འདིར་དེའི་རིང་ཕན་ཚུན་གཉིས་ཀྱིས་སྤོ་ལོ་གཅིག་ཀྱང་བླུག་མ་ཐུབ་རྐྱེན་རྒྱལ་ཕམ་ཐག་མ་ཆོད་པས། དུས་ཚོད་ལྷག་མ་སྐར་མ་ 30 སྤྲད། དུས་ཡུན་འདིའི་སྐར་མ་ 16 གི་མཚམས་སུ་གཞི་ནས། རྗེས་ནས་ཡོང་མཁན་སི་པན་གྱི་རྩེད་མཁན། ཧྥེ་རན་ཏོ་རེ་སི་(Ferran Torres)ཡིས་སྤོ་ལོ་ཞིག་བླུག་ཅིང་། ལྷག་མ་སྐར་མ་ 14 ཡི་རིང་སུས་ཀྱང་བླུག་མ་ཐུབ་པས་སི་པན་ལ་རྒྱལ་ཁ་ཐོབ་པར་གྱུར།
ཐེངས་འདིར་སི་པན་གྱི་རྩེད་མི་ཚོས་ཨར་ཇིན་ཀྲི་ནའི་རྩེད་མཁན་ཚོ་ཧ་ཅང་ཡག་པོ་བཀག་ཅིང་། ཨར་ཇིན་ཀྲི་ནའི་རྩེད་མཁན་ཚོའི་མདུན་དུ་སི་པན་གྱི་རུ་ཁག་ནི་བརྩིགས་གྱང་ལྟ་བུ་ཞིག་ཏུ་གྱུར་ཟིན་པ་དང་། དུས་ཡུན་སྐར་མ་ 90 ཡི་རིང་ཨར་ཇིན་ཀྲི་ནའི་རུ་ཁག་གིས། སི་པན་གྱི་སྒོའི་ནང་བླུག་རྒྱུའི་ཚོད་ལྟ་(Shot attempt)ཐེངས་གཅིག་ཀྱང་བྱས་མ་ཐུབ་ལ། ལྷག་མ་སྤྲད་པའི་སྐར་མ་ 30 ཡི་ཕྱེ་ཀ་རྗེས་མའི་སྐབས། གཞི་ནས་ཚོད་ལྟ་ཐེངས་ 2 བྱེད་ཐུབ་པར་གྱུར། སྐབས་དེར་སུ་པན་གྱིས་སྤོ་ལོ་གཅིག་དེ་བླུག་ཟིན།
བླུག་རྒྱུར་ཚོད་ལྟ་བྱེད་མཁན་གཉིས་ནི་ལེའོ་ མེ་སེ་དང་། རྗུ་ལེ་ཡ་ནོ་ སེ་མེ་ནོ་ནེ་(Giuliano Simenone)གཉིས་གྱུར། དེ་དང་བསྡུར་ན་སི་པན་གྱིས། བླུག་རྒྱུར་ཚོད་ལྟ་ཐེངས་ 20 བྱས་ཤིང་དེ་དག་ལས་ 12 མ་བཀག་ཚེ། སྒོ་ཡི་ནང་དུ་འཛུལ་རྒྱུའི་(Shots on target)གོ་སྐབས་ཡོད་པར་གྱུར། སྤྱིའི་ཆ་ནས་ཐེངས་འདིའི་མཐའ་མའི་རྩེད་འགྲན་ལ། མི་མང་ཆེ་བར་མཚོན་ན། ཚོར་བ་ཆེན་པོ་སྤྲོད་པ་དང་བླུག་རྒྱུའི་གོ་སྐབས་མང་པོ་ཡོད་པ། རྒྱག་སྟངས་ཀྱི་ཆ་ནས་མཛེས་སྡུག་ལྡན་པའི་ཆ་དེ་ཙམ་མེད་པ་ཤོད་མཁན་བྱུང་། ཡིན་ན་ཡང་། རྐང་སྤོའི་རྩེད་འགྲན་གཏིང་ཟབ་མོ་ཤེས་མཁན་ཚོས། གཞི་ནས་ཐེངས་འདིའི་འགྲན་རྩོད་འདིར་རིན་ཐང་སྤྲོད་ངེས་ཡིན་པ་བཤད།
ལྷག་པར་དུས་ཡུན་དངོས་སྐར་མ་ 90 ཡི་རིང་ཨར་ཇིན་ཀྲི་ནས་བླུག་རྒྱུ་ཚོད་ལྟ་ཙམ་ཡང་བྱས་མ་ཐུབ་པ་འདི་ནི། རྒྱལ་སྤྱིའི་བུམ་པ་རྟགས་ཅན་གྱི་རྐང་སྤོ་འགྲན་བསྡུར་མཐའ་མའི་སྐབས་མ་བྱུང་ཞིག་ཡིན་པ་དང་། དེ་དང་ལྷན་རྩེད་མཁན་ཚོའི་ཁྲོད་དུའང་ཕན་ཚུན་བར་ཁོང་ཁྲོའི་རྣམ་འགྱུར་བསྟན་མཁན་བྱུང་། ཨར་ཇིན་ཀྲི་ནའི་རྩེད་མཁན་ལེའོ་མེ་སེ་དང་། སི་པན་གྱི་རྩེད་འགྲན་པ་ལཱ་མེན་ཡ་མལ་གཉིས་ནི། མི་རྣམས་ཀྱིས་ལྟ་ས་གཙོ་བོ་ཡིན་ཡང་། ཐེངས་འདིར་ཁོ་གཉིས་ཀྱིས་རྩེད་འགྲན་འདི་ལ་ཁྱད་པར་ཆེན་པོ་ཞིག་བཟོ་མ་ཐུབ་པ་བཤད།
དེའི་ཚབ་ཏུ་སི་པན་གྱི་རྩེད་འགྲན་པ་ཧྥེ་རན་ཏོ་རེ་སི་དང་། ནེ་ཀོ་ཝེ་ལེམ་སི་གཉིས་ཀྱིས་ཁྱད་པར་ཆེན་པོ་ཞིག་བཟོས། གཞན་ཡང་སི་པན་གྱི་རུ་ཁག་གི་ལམ་སྟོན་པ་(Coach)། ལུའེ་སི་ རྡེ་ ཧྥུན་ཏེ་(Luis de Fuenge)ནི། ད་ལྟ་ལོ་ན་ 65 ཡིན་པ་དང་ཁོ་ནི་འཛམ་གླིང་བུམ་པ་རྟགས་ཅན་གྱི་སྐྱེས་པའི་རྐང་སྤོ་འགྲན་བསྡུར་ཁྲོད། རུ་ཁག་ཅིག་གི་ལམ་སྟོན་པ་ལོ་ན་རྒན་ཤོས་དེ་གྱུར་ཟིན་པ་བཤད། མདོར་ན་ཐེངས་འདིར་ཨང་དང་པོ་སི་པན་དང་། ཨང་གཉིས་པ་ཨར་ཇིན་ཀྲི་ན། ཨང་གསུམ་པ་དབྱིན་ཇི། ཨང་བཞི་བ་ཧྥ་རན་སི་བཅས་གྱུར།
བུམ་པ་རྟགས་ཅན་གྱི་རྒྱལ་སྤྱིའི་རྐང་སྤོ་འགྲན་བསྡུར་འདི་ཉིད། ལོ་ངོ་ 4 ཡི་མཚམས་སུ་ཐེངས་རེ་རྩེད་བཞིན་པ་དང་། ཐེངས་དང་པོ་དེ་ཕྱི་ལོ་ 1930 ལོར་ཨུ་རུ་གྷའེ་རྒྱལ་ཁབ་ཏུ་ཚོགས་ཤིང་། དེའི་ཁྲོད་ཨུ་རུ་གྷའེ་རྒྱལ་ཁབ་ཀྱིས་ཨང་དང་པོ་བླངས། དེའི་རྗེས་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྐྱེན་གྱིས་ཕྱི་ལོ་ 1942 དང་། ཕྱི་ལོ་ 1946 གཉིས་ལ་རྩེད་མ་ཐུབ། ད་ལྟ་བར་སྦར་ཛིལ་གྱིས་ཨང་དང་པོ་ཐེངས་ 5 དང་། མཇར་མན་གྱིས་ 4 ། ཨི་ཀྲ་ལིས་ 4 ། ཨར་ཇིན་ཀྲི་ནས་ 3 ། སི་པན་གྱིས་ 2 ། ཧྥ་རན་སིས་ 2 ། ཨུ་རུ་གྷའེ་ཡིས་ 2 ། དབྱིན་ཇིས་ 1 བཅས་བླངས།
