Homeགལ་ཆེན་གསར་འགྱུར།ཛེ་ལན་སི་ཀེ་ཡིས་ཆེས་མཐོའི་དམག་སྤྱི་གནས་དབྱུང་བཏང་།

ཛེ་ལན་སི་ཀེ་ཡིས་ཆེས་མཐོའི་དམག་སྤྱི་གནས་དབྱུང་བཏང་།

Date:

ཡུ་ཁུ་རན་གྱི་སྲིད་འཛིན་ཛེ་ལན་སི་ཀེ་ཡིས། ཆེས་མཐོའི་སྤྱི་ཁྱབ་དམག་སྤྱི་ཆེན་མོ་སར་སི་ཀེ་གོ་ས་ནས་འཕབ་ཅིང་། ཤུལ་དུ་དམག་སྤྱི་མེ་ཁའེ་ལོ་ སྒྲིར་པ་ཏེ་(Mykhailo Drapatyi)བསྐོ་རྒྱུ་ཡིན་པ་ཐག་བཅད། ཛེ་ལན་སི་ཀེ་ཡིས་འདས་པའི་ཉིན་ 2 རིང་། གཡུལ་སའི་དམག་སྤྱི་དག་དང་ལྷན་གྲོས་མོལ་ཡུན་རིང་བྱས་མཐར་ཐག་གཅོད་འདི་བྱས།

རྒྱབ་ལྗོངས། ཆེས་མཐོའི་དམག་སྤྱི་སར་སི་ཀེ་དང་བདེ་སྲུང་བློན་ཆེན་ཧྥི་སྒྲོ་རོ་ཝི་གཉིས་བར། གཙོ་བོ་དམག་ཐབས་ཀྱི་ཆ་ནས་བསམ་ཚུལ་མ་མཐུན་རྐྱེན། ཆེས་མཐོའི་ལས་ཁུངས་འདི་གཉིས་ཀྱིས་ཕན་ཚུན་གྱི་ལས་དོན་ལ་འགོག་རྐྱེན་བཟོ་བཞིན་པ་སོགས་ཀྱི་གནས་ཚུལ་སྔར་ནས་ཐོན་ཟིན་པ་དང་། མཐར་ཛེ་ལན་སི་ཀེ་ཡིས་མི་འདི་གཉིས་ལས་གཅིག་གོ་ས་ནས་འཕབ་རྒྱུ་ལས་གདམ་ཀ་མེད་པར་གྱུར་ཅིང་། བདུན་ཕྲག་སྔོན་མར་ཁོས། བདེ་སྲུང་བློན་ཆེན་ཧྥི་སྒྲོ་རོ་ཝི་གོ་ས་ནས་འཕབ།

དེ་མ་ཐག་ཡུ་ཁུ་རན་གྱི་རྒྱལ་ས་ཁེ་ཝུ་གཙོས་གྲོང་ཁྱེར་དག་ཏུ་ངོ་རྒོལ་བྱུང་ཞིང་། འདས་པའི་ཉིན་འགར་བསྟུད་མར་ངོ་རྒོལ་དང་འབོད་ཚིག་གཙོ་བོ་ནི། ཧྥི་སྒྲོ་རོ་ཝི་ཕྱིར་བསྐོ་རྒྱུ་དང་དམག་སྤྱི་སར་སི་ཀེ་གནས་དབྱུང་གཏོང་དགོས་པ་དེ་གྱུར། དེ་མ་ཟད་ཡུ་ཁུ་རན་ལ་རྒྱབ་སྐྱོར་བྱེད་མཁན། ཕྱི་རྒྱལ་གྱི་ཚོགས་པ་དང་། མི་སྒེར་མང་པོས་ཀྱང་བློ་ཕམ་གྱི་རྣམ་འགྱུར་བསྟན་ཅིང་། ལྷག་པར་གཡུལ་སའི་དམག་མི་དང་དམག་སྤྱི་ཚོའི་ཁྲོད་ནས་བློ་ཕམ་གྱི་རྣམ་འགྱུར་བསྟན།

དེའི་ཁྲོད་ད་ལྟ་ཆེས་མཐོའི་སྤྱི་ཁྱབ་དམག་སྤྱི་རུ་བསྐོས་ཟིན་པ་མེ་ཁའེ་ལོ་སྒྲིར་པ་ཏེ་ཡང་ཚུད་ཅིང་། ཁོ་ནི་དམག་མི་ཚོས་གུས་ཞབས་བྱ་སའི་དམག་སྤྱི་སྙན་གྲགས་ཅན་ཞིག་ལ་ངོས་འཛིན། མཐར་ཛེ་ལན་སི་ཀེ་ཡིས་དམག་སྤྱི་དག་བསྐོངས་ནས་གྲོས་བསྡུར་གྱིས་མཐའ་མའི་ཐག་གཅོད་འདི་བྱས།ཡིན་ན་ཡང་། ཧྥི་སྒྲོ་རོ་ཝི་ཕྱིར་བདེ་སྲུང་བློན་ཆེན་ལ་བསྐོ་མིན་ཁ་གསལ་མེད་པར་གྱུར་ཅིང་། ཛེ་ལན་སི་ཀེ་ཡིས། ཁོ་ལ་གཞུང་གི་གོ་གནས་གལ་ཆེན་ཞིག་སྤྲོད་རྒྱུ་ཡིན་པ་བཤད།

ཡིན་ན་ཡང་། དེས་ཧྥི་སྒྲོ་རོ་ཝི་རང་ཉིད་དང་ངོ་རྒོལ་བ་ཚོ་ཡིད་འཚིམ་མིན་རེ་ཞིག་མི་གསལ། དམག་འཁྲུག་གང་ཞིག་ཡིན་ཡང་དེའི་ཁྲོད།མཁའ་ཐོག་ནས་གཏོར་རྒོལ་གཅིག་བུས་གཞན་དེར་གནོད་པ་ཚབས་ཆེན་བཟོ་ཐུབ་ཀྱང་། རྒྱལ་ཕམ་དངོས་དེ་དམག་དཔུང་དངོས་སུ་སྐམ་ཐོག་ཏུ་(Infantry)བབས་ནས་འཐབ་དགོས་པ་གཞིར་བྱས། དམག་སྤྱི་སར་སི་ཀེ་དང་དང་ཧྥེ་སྒྲོ་རོ་ཝི་གཉིས་མི་མཐུན་ས་གཙོ་བོ་ཞིག་ནི། ཇི་ལྟར་འཐབ་རྒྱུ་ཡིན་ནམ་ཞེས་པ་དེ་གྱུར།

དམག་སྤྱི་སར་སི་ཀེ་ཡིས། གཡུལ་ཐབས་དངོས་གཙོ་བོར་འཛིན་ཆེད་སྒྱོགས་མདེལ་ཉོ་རྒྱུ་གལ་ཆེན་དུ་བརྩིས་ཤིང་། བདེ་སྲུང་བློན་ཆེན་ཧྥེ་སྒྲོ་རོ་ཝི་ཡིས། ཡུ་དམག་ལས་ལྡབ་འགྱུར་གྱི་མང་བའི་གཡུལ་སའི་དགྲ་དམག་གི་ནུས་པར་ཐད་ཀར་གདོང་ཐུག་རྒྱག་རྒྱུ་ལས། གཡུལ་སའི་རྒྱབ་ཕྱོགས་ཀྱི་ཐོན་ཁུངས་དང་གཞུང་ལམ། གོ་ལག་སོགས་ལ་གཏོར་རྒོལ་གྱིས་སྐྱེལ་འདྲེན་(Logistics)དག་གཏོར་ཚེ། གཡུལ་སའི་མདུན་ངོས་ཀྱི་དགྲ་དམག་གི་ནུས་པ་རང་བཞིན་གྱིས་ཉམ་རྒུད་དུ་འགྲོ་རྒྱུ་ཡིན་པ་ཡིད་ཆེས་བྱེད་པ་དེ་གྱུར།

དེར་བརྟེན་ཁོས་སྒྱོགས་མདེལ་ལས་སྒྲི་རོན་ཉོ་རྒྱུ་གལ་ཆེན་དུ་བཟུང་། འདི་ནི་ཁོ་གཉིས་བར་མི་མཐུན་ས་གཙོ་བོ་ཞིག་ཏུ་གྱུར་ཅིང་། སར་སི་ཀེ་ཡིས་ཀྱང་། སྒྲི་རོན་གལ་ཆེན་པོ་ཡིན་པ་ངོས་ལེན་བྱེད་ཀྱི་ཡོད་ཀྱང་། ཐད་ཀར་དགྲ་དམག་ཕར་འདེད་རྒྱུའི་གཡུལ་འཁྲུག་དངོས་དེ་གལ་ཆེན་དུ་འཛིན་དགོས་པ་དེ་ཡིན་པ་བཤད། དོན་དངོས་སུ་མི་རབས་གསར་རྙིང་དང་། ཐབས་བྱུས་གསར་རྙིང་བར་གྱི་འགལ་ཟླ་ལྟ་བུ་ཞིག་ཏུ་གྱུར་ཅིང་། ཧྥི་སྒྲོ་རོ་ཝི་ཡིས་གསར་བཅོས་དང་། ཐབས་བྱུས་མང་པོ་ཞིག་གིས་དོན་དངོས་སུ་གནས་སྐབས་ནུས་པ་ཐོན་བཞིན་པ་གསལ་བོར་གྱུར།

འདས་པའི་ཟླ་བ་འགའི་ནང་ཡུ་དམག་གིས། རཱ་ཤི་ཡའི་རྡོ་སྣུམ་བཟོ་གྲྭ་ཕལ་ཆེ་བར་གཏོར་རྒོལ་དང་། ཁི་རཱ་མེ་ཡ་གླིང་ཕྲན་གྱི་སྐྱེལ་འདྲེན་ལམ་ཀ་དེ་གཅོད་རྒྱུའི་མཚམས་སུ་བསྐྱལ། དེའི་སྟེང་ལོ་འདིའི་དབྱར་ཀའི་ཚུར་རྒོལ་ཁྲོད། རཱ་དམག་གིས་མདུན་བསྐྱོད་ཆེན་པོ་གང་ཡང་བྱས་མ་ཐུབ།འདི་ནི་དམག་འཁྲུག་འགོ་བཙུགས་པ་ནས་བྱུང་བ་ཐོག་མ་དེ་གྱུར། སར་སི་ཀེ་ལ་དམག་མི་མང་པོ་མི་དགའ་བའི་རྒྱུ་མཚན་གཞན་ཞིག་ནི། ཁོ་ནི་ཧ་ཅང་སྡུག་རྩུབ་ཆེ་བ་དང་། དེ་ནི་ཨུ་རུ་སུ་དམར་པོའི་དམག་ཐབས་ཤིག་ཡིན་པར་བཤད་པ་དེ་གྱུར།

ཨོ་ལེག་སན་སྒྲར་ སར་སི་ཀེ་(Oleksandr Syrskyi)ནི། ཨུ་རུ་སུ་དམར་པོའི་སྐབས་སུ། ད་ལྟའི་རཱ་ཤི་ཡའི་ཝེ་ལ་སྒྲི་མེར་མངའ་སྡེ་རུ་སྐྱེས་པ་ཞིག་དང་། མི་རིགས་ཀྱི་ཆ་ནས་རཱ་ཤི་ཡའི་མི་ཡིན། ཁོའི་ཕ་རྒན་ཨུ་རུ་སུའི་དམག་དོན་ལས་བྱེད་ཅིག་དང་། ཁོ་རང་ཉིད་ཀྱང་ཨུ་རུ་སུའི་དམར་དམག་ཅིག་ཡིན། རྗེས་སུ་ཁོའི་ཕ་རྒན་ཨུ་རུ་སུའི་ཆ་ཤས་ཡིན་པ་ད་ལྟའི་ཡུ་ཁུ་རན་དུ་ལས་གནས་སྤོར། ཨུ་རུ་སུ་དམར་པོ་འཐོར་རྗེས་སར་སི་ཀེ་དང་ཁོའི་ནང་མི་ཡུ་ཁུ་རན་དུ་བསྡད་ཅིང་། ཁོ་ཡུ་ཁུ་རན་གྱི་དམག་མིའི་ཁྲོད་ཞུགས།

ཕྱི་ལོ་ 2022 ལོར་ཕུ་ཀྲན་གྱིས་ཐོག་མར་ཡུ་ཁུ་རན་གྱི་རྒྱལ་ས་འཛིན་ཆེད། བྱང་ཕྱོགས་བྷེ་ལ་རུ་སུ་ནས་དམག་མི་དང་གོ་ལག་ཧ་ཅང་ཕོན་ཆེན་བཏང་ནས་ཚུར་རྒོལ་སྐབས། སྐབས་དེར་སྐམ་དམག་གི་དམག་སྤྱི་ཡིན་པའི་སར་སི་ཀེ་ཡིས་རྒྱལ་ས་སྲུང་རྒྱུའི་འགན་འཁུར་ཞིང་། ནུས་པ་ལྡན་པའི་ངང་རྒྱལ་ས་བསྐྱབས་པ་མ་ཟད། མཐར་རཱ་དམག་བྱང་ཕྱོགས་ནས་ཕྱིར་དེད། ལོ་དེར་ཁར་ཁེ་ཝུ་ས་ཁུལ་ནས། ཡུ་དམག་གིས་ཕར་རྒོལ་གྱིས་ས་ཆ་ཆེན་པོ་ཞིག་ཕྱིར་འཕྲོག འདི་འདྲའི་ཕར་རྒོལ་ནུས་པ་ལྡན་ཞིག་ད་ལྟ་བར་ཡུ་དམག་གིས་བྱས་མ་ཐུབ།

ཕྱི་ལོ་ 2024 ཟླ་ 8 ཚེས་ 6 ནས་ཁོའི་བཀོད་འདོམ་འོག་ཡུ་དམག་གིས། རཱ་ཤི་ཡའི་ཁར་སི་ཀི་མངའ་སྡེར་ཕར་རྒོལ་གྱིས་ས་ཆ་ངེས་ཅན་ཞིག་བཟུང་ཞིང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་རཱ་ཤི་ཡར་བཙན་འཛུལ་བྱེད་མཁན་གྱི་རྒྱལ་ཁབ་ཐོག་མ་དེ། ཡུ་ཁུ་རན་ཡིན་པའི་ལོ་རྒྱུས་ཀྱི་ཟིན་ཐོ་བཀོད། མཐར་བྱང་ཀོ་རེ་ཡས་རཱ་ཤི་ཡར་དམག་རོགས་གཏོང་དགོས་གྱུར། ཐེངས་འདིར་ཛེ་ལན་སི་ཀེ་ཡིས་ཀྱང་། སར་སི་ཀེའི་བྱས་རྗེས་འདི་དག་ནི་ལོ་རྒྱུས་ཀྱི་ཆ་ཤས་བསུབ་ཏུ་མེད་པ་འགའ་ཡིན་པ་བསྒྲགས།སྙིང་པོ་ནི་ཁོ་རཱ་ཤི་ཡའི་མི་ཞིག་ཡིན་ཡང་། ཁོ་རང་གི་ཆེད་ལས་ལ་དེས་ཤུགས་རྐྱེན་ཐེབས་ཡོད་པའི་རྟགས་གང་ཡང་མ་ཐོན།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།