Homeརྒྱལ་སྤྱི།ཡུ་རོབ།ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

Date:

ཕུ་ཀྲན་གྱིས། རཱ་དམག་གིས་ཡུ་ཁུ་རན་གྱི་ཕོ་ཁི་རོ་ཝི་སི་ཀི་གྲོང་ཁྱེར་བཟུང་ཟིན་པ་བཤད་ཀྱང་། ཁ་སང་ཡུ་དམག་གིས་གྲོང་ཁྱེར་འདིའི་ནང་དུ་དར་ཆ་བཙུགས་ཤིང་། ད་དུང་ཡང་གྲོང་ཁྱེར་འདི་ཧྲིལ་བོ་རཱ་དམག་གིས་བཟུང་ཐུབ་མེད་ཅེས་བསྒྲགས།

•. རཱ་དམག་གིས། ཡུ་ཁུ་རན་གྱི་རྡོ་ཉད་སི་ཀི་ས་ཁུལ་གྱི་ཕོ་ཁི་རོ་ཝི་སི་ཀི་གྲོང་ཁྱེར་དང་། དེའི་ཉེ་འཁོར་གྱི་མེར་ནོ་ར་ཀྲི་(Myrnohrad)
ཞེས་པའི་གྲོང་བརྡལ་གཉིས་འཕྲོག་ཆེད་ཤུགས་ཆེན་འཐབ་ཅིང་། ད་ལྟ་གྲོང་དང་གྲོང་བརྡལ་འདིའི་བརྒྱ་ཆ་ཕལ་ཆེ་བ་བཟུང་ཟིན་པ་དང་།འདིར་ཡོད་པའི་ཡུ་དམག་གི་ཕྱིར་འཐེན་སའི་ལམ་ཀའང་མེ་སྒྱོགས་སོགས་ཀྱི་སྙོབས་ཚད་ནང་བཅུག་ཟིན་པ་ལྟར། ད་ལྟ་ཡུ་དམག་མེར་ནོ་ར་ཀྲིའི་ལྷོ་ཕྱོགས་ཀྱི་གྲོང་གསེབ་གཉིས་ནས་ཕྱིར་འཐེན་ཟིན་པ་བསྒྲགས།

•. ཕུ་ཀྲན་གྱིས། ཕོ་ཁི་རོ་ཝི་སི་ཀི་གྲོང་ཁྱེར་ཧྲིལ་བོ་འཕྲོག་ཟིན་པ་དང་།ཕྱོགས་འདིར་ཡུ་དམག་སྟོང་ཕྲག་མང་པོ་རཱ་དམག་གིས་བསྐོར་ཟིན་པ་ལ། ཡུ་ཁུ་རན་གྱི་དབང་འཛིན་པ་ཚོས་ཡུ་དམག་ལ་མགོ་བསྒུར་དུ་མ་བཅུག་རྐྱེན། ཡུ་དམག་ཚང་མ་བསད་རྨས་དང་གསོན་བཟུང་བྱས་ཟིན་པ་བསྒྲགས་ཟིན། ཡིན་ན་ཡང་། དེ་དང་མཐུན་པའི་བདེན་དཔང་ཚད་ལྡན་ཞིག་ད་ལྟ་བར་ཕྱིར་མ་ཐོན་ཁར། དེ་རིང་ཡུ་དམག་གིས་གྲོང་ཁྱེར་འདིའི་ནང་དུ་དར་ཆ་བཙུགས་ཤིང་། ད་དུང་ཡང་གྲོང་ཁྱེར་འདི་ཧྲིལ་བོ་རཱ་དམག་གིས་བཟུང་ཐུབ་མེད་ཅེས་བསྒྲགས།

•. ཁ་སང་ཡུ་ཁུ་རན་གྱི་འཐབ་འཛིང་གནམ་གྲུ་ Su-27 ཡི་ཁ་ལོ་བ་ཞིག་བསད། གཡུལ་སར་བསད་ཟིན་པ་བཤད་པ་ལས། རྒྱུ་རྐྱེན་གང་ཡིན་ཐད་ཞིབ་ཕྲ་ཕྱིར་མ་བསྒྲགས།

•. དབྱིན་ཇིའི་བདུན་རེའི་གསར་ཤོག་དཔལ་འབྱོར་རིག་པ་བ་(The Economist)ལྟར་ན། དམག་འཁྲུག་འདིའི་ཁྲོད་རཱ་ཤི་ཡའི་སྐྱེས་པ་680,000 ཤི་རྨས་ཐེབས་ཟིན་པ་དང་། དེ་ནི་དམག་འཁྲུག་འགོ་མ་བཙུགས་སྔོན་གྱི་རཱ་ཤི་ཡའི་སྐྱེས་པའི་གྲངས་ཀ་སྤྱིའི་བརྒྱ་ཆ་ 1% ཡིན་པ་བཤད། ཚོད་རྩིས་གཞན་ཞིག་ལྟར་ན་ད་ལྟ་བར་རཱ་དམག་ས་ཡ་ 1.35 ཡས་མས་ཤི་རྨས་ཐེབས་ཟིན་པ་དང་། དེ་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ། ཨ་རིའི་དམག་མི་ཤི་རྨས་ཐེབས་པའི་གྲངས་ལས་ཀྱང་བརྒལ་ཡོད་པ་བཤད།

•. ནུབ་ཆིངས་ཀྱི་ཚོད་རྩིས་ལྟར་ན། ཉི་མ་རེར་གཡུལ་སར་རཱ་དམག་ 11,00 ཤི་རྨས་ཐེབས་བཞིན་པ་བཤད་ཅིང་། ཤི་རྨས་ཀྱི་གྲངས་ཧ་ཅང་མཐོ་ནའང་། འདས་པའི་ལོ་ངོ་ 3 གྱི་རིང་རཱ་དམག་གིས། ཡུ་ཁུ་རན་གྱི་ས་ཆའི་བརྒྱ་ཆ་ 1.45% ལས་འཛིན་མ་ཐུབ་ཅིང་། ད་ལྟ་བར་གྲོང་ཁྱེར་གཙོ་བོ་གཅིག་ཀྱང་འཛིན་མ་ཐུབ་པ་དང་། འདས་པའི་ཟླ་བ་ 18 རིང་འཐབ་ཀྱང་། ད་དུང་ཡང་ཕོ་ཁི་རོ་ཝི་སི་ཀི་གྲོང་ཁྱེར་ཡང་ཧྲིལ་བོ་འཛིན་མ་ཐུབ་པ་བཤད། ཉེ་དུས་ནས་རཱ་དམག་ལ་ཤི་རྨས་ཚབས་ཆེན་བྱུང་བའི་བརྙན་འགའ་ཡང་ཕྱིར་ཐོན།

•. ཨ་རིའི་སྲིད་འཛིན་གྱི་སྐུ་ཚབ་ཝེ་ཀྲི་ཀོ་ཧྥི་དང་། སྲིད་འཛིན་གྱི་བུ་མོའི་ཁྱོ་ག་ཁུ་ཤེ་ནེ་གཉིས་ཀྱིས། ཡུ་ཁུ་རན་གྱི་སྐུ་ཚབ་དག་དང་ལྷན་གྲོས་མོལ་བྱེད་བཞིན་པ་ལྟར། སྔར་བཞིན་མི་མཐུན་ས་གཙོ་བོ་ནི་ཡུ་དམག་རྡོན་པ་སི་ས་ཁུལ་ནས་ཕྱིར་འཐེན་མིན་དེ་ཡིན་པ་ཛེ་ལན་སི་ཀེ་ཡིས་བཤད། ཛེ་ལན་སི་ཀེ་ཡིས་ཡུ་དམག་རྡོན་པ་སི་ས་ཁུལ་ནས་ཕྱིར་འཐེན་ཚེ། འབྱུང་འགྱུར་རཱ་དམག་ལ་ཡུ་ཁུ་རན་ལ་ཚུར་རྒོལ་གསར་བ་བྱ་རྒྱུའི་ལམ་ཀ་གཏོད་པ་ལས་མེད་པ་བཤད། དེ་དང་ལྷན་ཨ་རིས་ཡུ་ཁུ་རན་ལ། ཡུ་དམག་ས་ཆ་འདི་ནས་ཕྱིར་འཐེན་རྒྱུར་གནོན་ཤུགས་སྤྲོད་བཞིན་པའི་གནས་ཚུལ་ཐོན།

•. སྲིད་འཛིན་ཛེ་ལན་སི་ཀེ་ཡིས་བྷི་ལུམ་བྷར་གྷི་ལ། ད་ལྟ་ཨ་རི་དང་རཱ་ཤི་ཡ། ཡུ་ཁུ་རན་གསུམ་གྱི་འདོད་ཚུལ་ལོགས་སུ་ཕྱིན་ཡོད་པས། གྲོས་མོལ་དེ་ཕར་འགྲོ་ས་མེད་པའི་མཚམས་སུ་སླེབས་སོང་ཞེས་བཤད། དེ་དང་ལྷན་ཕུ་ཀྲན་ལ་རྒྱ་གར་གྱི་གསར་ཤོག་(India Today)ཡིས་བཅར་འདྲི་སྐབས། ཁོས། དམིགས་བསལ་དམག་དོན་བྱ་འགུལ་(དམག་འཁྲུག)གྱི་དམིགས་ཡུལ་དེ་འགྲུབ་རྗེས། ཡུ་ཁུ་རན་གྱི་དཀའ་ངལ་དག་སེལ་སོང་བ་རེད་ཅེས་དང་། ཡུ་དམག་རཱ་ཤི་ཡའི་ས་ཁུལ་(ཁོས་རཱ་ཤི་ཡའི་ཁོངས་སུ་བཅུག་པའི་ཡུ་ཁུ་རན་གྱི་ས་ཁུལ་དག)ནས་ཕྱིར་འཐེན་དགོས་པ་རེད་ཅེས་བཤད།

•. མུ་མཐུད་དུ་ཕུ་ཀྲན་གྱིས། ཨ་རིའི་ཁེ་གཉེར་ཆེན་པོ་མང་པོས་ཕྱིར་རཱ་ཤི་ཡའི་རྒྱལ་ནང་ལ་ཡོང་རྒྱུར་སྒུག་ཡོད། ཁོ་ཚོས་དཀའ་ངལ་འདི་སེལ་རྒྱུར་སྒུག་ཡོད་ཅེས་དང་། ཨ་རིས་ད་དུང་ཡང་རཱ་ཤི་ཡའི་ཉིང་རྡུལ་རྫས་སྦྱོར་ཉོ་བཞིན་ཡོད། གལ་སྲིད་ཨ་རི་ལ་དེ་ཉོ་བའི་ཐོབ་ཐང་ཡོད་ན། རྒྱ་གར་ལ་རཱ་ཤི་ཡའི་(རྡོ་སྣུམ་)ཉོ་བའི་ཐོབ་ཐང་མེད་དོན་ཅི་རེད་ཅེས་བཤད། ཕུ་ཀྲན་གྱིས། ད་དུང་ངའི་མི་ཚེ་ལ་བསྡོམས་རྒྱག་རྒྱུ་སྔ་དྲགས་འདུག ད་དུང་ཡང་ང་ལ་བསྒྲུབ་རྒྱུ་ཁ་ཤས་ཤིག་མདུན་དུ་ལྷག་ཡོད་ཅེས་བཤད།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།