Homeརྒྱལ་སྤྱི།ཡུ་རོབ།རཱ་ཡུའི་དམག་འཁྲུག 

རཱ་ཡུའི་དམག་འཁྲུག 

Date:

མདང་དགོང་རཱ་དམག་གིས། ཡུ་ཁུ་རན་གྱི་ས་ཁུལ་དག་ལ་སྒྲི་རོན་ 138 དང་། བྷ་ལི་སི་ཀྲི་ཁི་འཕུར་མདའ་ཞིག་བཅས་འཕངས་ནས་ཚུར་རྒོལ་བྱས། ཡུ་དམག་གིས་རཱ་དམག་གི་སྒྲི་རོན་ 102 བཀག་ཟིན་ནའང་།སྒྲི་རོན་གྲངས་ 36 གིས་ས་ཁུལ་ 10 ལ་གཏོར་རྒོལ་ཐེབས་ཟིན་པ་བཤད།

•. ཡུ་དམག་གིས། རཱ་ཤི་ཡའི་སི་ཀྲ་ཝི་རོ་ལེན་ས་ཁུལ་གྱི་རྫས་སྦྱོར་བཟོ་གྲྭ་ཞིག་ལ་གཏོར་རྒོལ་བྱས། དེ་བཞིན་རྡོ་ཉད་སི་ཀི་ས་ཁུལ་དུ་ཡོད་པའི་གོ་ལག་བཟོ་གྲྭ་ཞིག་ལའང་གཏོར་རྒོལ་བྱས།

•. ཡུ་ཁུ་རན་གྱིས། གཏོར་རྒོལ་གྱི་ནུས་པ་ཤིན་ཏུ་ཆེ་བའི་རཱ་ཤི་ཡའི་སྒྲི་རོན་(Shahed-136)འགོག་བྱེད་ཅིག་བཟོས་ཟིན་པ་བཤད། དེ་དང་མཐུན་པའི་བརྙན་ཞིག་ཀྱང་ཕྱིར་བཀྲམས། ཡུ་ཁུ་རན་གྱིས། རཱ་དམག་གི་སྒྲི་རོན་དང་འཕུར་མདའ་འགོག་བྱེད་ཀྱི་མ་ལག་གསར་བ་ཞིག་འཛུགས་རྒྱུ་དང་། མ་ལག་གསར་བ་འདི་ནི་ཧྥ་རན་སིའི་གོ་ལག་བཟོ་གྲྭ་ཞིག་གིས་བཟོས་པ་ཞིག་དང་། དེ་ནི་བཅོས་མའི་རིག་པར་བརྟེན་པའི་འོད་རླབས་ཀྱིས། དགྲ་བོའི་འཕུར་མདའ་དང་སྒྲི་རོན་སོགས་ཡོང་བཞིན་པ་ཚོར་བ་དང་། དེའི་ཁ་གཏད་དུ་སྒྲི་རོན་བཏང་ནས་འགོག་ཐུབ་པ་བཤད།

•. ཡུ་ཁུ་རན་གྱི་ལྐོག་ཟར་ཞིབ་འཇུག་བྱེད་མཁན་གྱི་ཚོགས་པ་ནཱ་བྷུ་(Nabu)ཡིས། འདས་པའི་ཟླ་བ་ 15 ཡི་རིང་ཞིབ་འཇུག་བྱས་མཐར།ལྐོག་ཟའི་གནད་དོན་ཆེན་པོ་ཞིག་ཕྱི་ལ་བཏོན་ཅིང་། ལྐོག་ཟ་འདིའི་ཁྲོད་སྲིད་འཛིན་ཛེ་ལན་སི་ཀེའི་ཐག་ཉེའི་ལས་བྱེད་དང་ཚོང་པ་སོགས་ཚུད། ད་དུང་ཞིབ་འཇུག་ཚོགས་པ་འདི་ལྟར་ན། ལྐོག་ཟ་བྱེད་མཁན་ཚོས། དངུལ་སྒོར་ཕོན་ཆེན་ཕྱི་རྒྱལ་ལ་བཏང་ཟིན་པ་དང་།དངུལ་སྒོར་གཏོང་ཡུལ་གྱི་ཁྲོད་རཱ་ཤི་ཡའང་ཚུད་ཡོད་པ་བཤད། དོན་རྐྱེན་འདི་དང་འབྲེལ། ཁྲིམས་ལུགས་ལྟ་ཞིབ་བློན་ཆེན་དང་ནུས་པའི་བློན་ཆེན་གཉིས་ཀྱིས་དགོངས་པ་ཞུས། ནུས་པ་(གློག་སོགས།)གཅིག་བུའི་ཁྲོད་ཨ་སྒོར་ས་ཡ་ $100 ལྐོག་ཟ་བྱས་ཟིན་པ་བཤད།

•. ཡུ་ཁུ་རན་ནི་ལྐོག་ཟ་ཧ་ཅང་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པ་ལྟར།
ནུབ་ཕྱོགས་ཀྱི་རྙིང་ཞེན་པ་མང་པོས། ཞིབ་འཇུག་དང་རྗེས་འདེད་ཚད་ལྡན་མེད་པར་རྒྱལ་ཁབ་འདིར་དངུལ་སྒོར་གཏོང་བ་ནི། ཤེས་བཞིན་དུ་དངུལ་སྒོར་ཆུའི་ནང་ལ་གཡུག་པ་ལྟ་བུ་རེད་ཅེས་ཤོད་བཞིན་ཡོད། གནས་ཚུལ་འདི་བྱུང་རྗེས། རཱ་ཤི་ཡའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་པི་སི་ཀོ་ཝི་ཡིས། ཨ་རི་དང་ཡུ་རོབ་ཀྱི་མི་ཚོས། ཁོ་ཚོས་ཡུ་ཁུ་རན་སྤྲད་པའི་དངུལ་སྒོར་དག་ལྐོག་ཟའི་ནང་འཐིམས་འགྲོ་བཞིན་པ་གཞི་ནས་ཧ་གོ་བཞིན་ཡོད་ཅེས་བཤད། དོན་དངོས་སུ་རཱ་ཤི་ཡའང་ལྐོག་ཟ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་དང་། ལྐོག་ཟ་དེ་ཧ་ཅང་ཚགས་ཚུད་ལྡན་ལ་སྒྲིག་འཛུགས་རང་བཞིན་ཅན། ལམ་ལུགས་ལྡན་པ་ཞིག་ཡིན་པ་གསལ།

•. ད་ལྟ་ཡུ་རོབ་ཀྱིས་ཡུ་ཁུ་རན་ལ་རོགས་སྐྱོར་གཏོང་རྒྱུ་ཉུང་དུ་དང་། གོ་ལག་བཙོང་བ་དག་ཕུད། ཨ་རིས་རོགས་སྐྱོར་ཡོངས་སུ་གཏོང་མཚམས་བཞག་ཟིན་པ། ཕོ་ཁི་རོ་ཝི་སི་ཀི་གྲོང་ཁྱེར་དང་ཀུ་པན་སི་ཀི་གྲོང་བརྡལ་གཉིས་དགྲ་ལག་ཏུ་འཆོར་ལ་ཉེ་བ། རྒྱལ་ཁབ་ཀྱི་གློག་ཁང་དག་རཱ་ཤི་ཡའི་འཕུར་མདས་གཏོར་སྐྱོན་ཚབས་ཆེན་བཟོས་ཟིན་པ། དེའི་སྟེང་ད་ལྟ་ལྐོག་ཟའི་གནད་དོན་ཆེན་པོ་ཞིག་བྱུང་བས། ལོ་འདིའི་དགུན་ཁ་ནི་དམག་འཁྲུག་འགོ་བཙུགས་པ་ནས། ཡུ་ཁུ་རན་ལ་དཀའ་ངལ་ཆེ་ཤོས་ཀྱི་དུས་ཚོད་ཅིག་ཏུ་འགྱུར་རྒྱུ་ཡིན་པ་སྔོན་དཔག་བྱེད། མཇར་མན་སྲིད་གཞུང་གིས། ད་ལོའི་དགུན་ཁའི་ཆེད་ཡུ་ཁུ་རན་ལ་རོགས་སྐྱོར་ཆེད་ཡུ་སྒོར་ས་ཡ་ €40 གཏོང་རྒྱུ་བསྒྲགས།

•. ཨ་རིའི་གསར་དེབ་ཅིག་(Foreign Affairs)གི་སྟེང་གནས་ཚུལ་བཀོད་པ་ལྟར་ན། རཱ་ཤི་ཡས་ཡུ་ཁུ་རན་ཡོངས་སུ་འཛིན་རྒྱུའི་འཆར་གཞི་དེར་རིམ་པ་གསུམ་དུ་དབྱེས་ཡོད་པ་དང་། རིམ་པ་དང་པོ་ནི་གཡུལ་སར་རཱ་དམག་གིས་ཡུ་དམག་གང་ཐུབ་ཕམ་རྒྱུ། རིམ་པ་གཉིས་པ། ཡུ་ཁུ་རན་གྱི་ས་ཁུལ་དག་ལ་མུ་མཐུད་དུ་གཏོར་རྒོལ་གྱིས། རྒྱལ་ཁབ་འདིའི་དཔལ་འབྱོར་རྐང་ཆག་ལག་ཆག་ཏུ་བཟོས་པ་བརྒྱུད། ཡུ་ཁུ་རན་གྱིས་ངེས་པར་དུ་རཱ་ཤི་ཡ་ལྷན་གྲོས་མོལ་བྱ་དགོས་པ་བཟོ་རྒྱུ། གསུམ་པ། ཡུ་ཁུ་རན་དེ་བྷེ་ལ་རུ་སུ་ལྟར་རཱ་ཤི་ཡའི་གྲིབ་གཟུགས་འོག་གི་རྒྱལ་ཁབ་ཅིག་ཏུ་བསྒྱུར་རྒྱུ་དེ་ཡིན་པ་དང་། ལོ་རྗེས་མ་ནི་རྒྱལ་ཕམ་གཏིང་ཐག་ཆོད་པའི་དུས་ཚོད་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་ཡིན་པ་བཤད།

•. ཡུ་དམག་ལ་ཕམ་ཁ་ཅི་ཙམ་བྱུང་བ་དེ་ཙམ་གྱིས། རཱ་ཤི་ཡ་དང་ཡུ་རོབ་ཐད་ཀར་གདོང་ཐུག་རྒྱག་རྒྱུའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པ། དབྱེ་ཞིབ་པ་མང་པོས་འདོད་ཅིང་། བདུན་ཕྲག་འདིར་སར་བྷེ་ཡའི་སྲིད་འཛིན་ཝུ་སེ་ཁི་(Vucic)ཡིས་རཱ་ཤི་ཡའི་སྲིད་འཛིན་ཕུ་ཀྲན་དང་ལྷན་ཐུག་ཅིང་། ཁོས། རཱ་ཤི་ཡ་དང་ཡུ་རོབ་གཉིས་བར་དམག་འཁྲུག་འབྱུང་རྒྱུ་ནི་ངེས་གཏན་དུ་འགྱུར་བཞིན་འདུག འདི་ནི་སྐད་ཆ་སྟོང་པ་ཙམ་ཞིག་མིན་པར། ཕྱོགས་ཚང་མས་འདིའི་ཆེད་གྲ་སྒྲིག་བྱེད་བཞིན་པ་མངོན་སུམ་དུ་མཐོང་བ་འདི་རེད། གལ་སྲིད་ང་ནོར་ཡོད་ན་ང་ནི་འཛམ་གླིང་གི་མི་སྐྱིད་ཤོས་དེ་འགྱུར་ངེས་ཡིན་ཞེས་བཤད།

•. ད་ལོའི་ཕྱི་ཟླ་ 12 ཚེས་ 5 ཉིན་རཱ་ཤི་ཡའི་སྲིད་འཛིན་ཕུ་ཀྲན་རྒྱ་གར་དུ་ཡོང་རྒྱུ་ཡིན་པ། བྷི་ལུམ་བྷར་གྷིའི་སྟེང་གནས་ཚུལ་བཀོད། སྐབས་དེར་རྒྱལ་ཁབ་གཉིས་བར་ཚོགས་ཆེན་ཞིག་ཚོགས་རྒྱུ་དང་། ཕུ་ཀྲན་དེའི་སྟེང་ཞུགས་རྒྱུ་ཡིན་པ་གསལ།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།