ད་ལོའི་ཕྱི་ཟླ་ 6 ནང་རྒྱ་གར་གྱི་ན་གཞོན་ཆབ་སྲིད་ལས་འགུལ་བ། ཀོ་ཀི་རོ་ཆི་མི་དམངས་ཆབ་སྲིད་ཚོགས་པས། རྒྱ་གར་དབུས་ཤེས་རིག་བློན་ཆེན་དགོངས་པ་ཞུ་དགོས་པ་དང་། ཤེས་ཡོན་དང་རྒྱུགས་སྤྲོད་ལམ་ལུགས་ལ་བསྒྱུར་བཅོས་བྱ་རྒྱུའི་དགོས་འདུན་འོག རྒྱལ་ས་ལྡི་ལིར་ངོ་རྒོལ་བྱས་ཤིང་། ངོ་རྒོལ་འདི་ལ་རྒྱབ་སྐྱོར་ཆེད་ལ་དྭགས་ཀྱི་ཤེས་ཡོན་ཞབས་ཞུ་བ་དང་། ཁོར་ཡུག་སྲུང་སྐྱོབ་པ་བསོད་ནམས་དབང་ཕྱུག་གིས། ཕྱི་ཟླ་ 6 ཚེས་ 28 ནས་ཕྱི་ཟླ་ 7 ཚེས་ 24 བར་ཟས་བཅད་ངོ་རྒོལ་བྱས་ཤིང་།ཕྱོགས་འགལ་ཀོང་རེ་སེ་ཆབ་སྲིད་ཚོགས་པའི་དབུ་ཁྲིད་ཚོའང་ངོ་རྒོལ་འདིར་རྒྱབ་སྐྱོར་ཆེད་མཉམ་ཞུགས་བྱས།
མཐར་ཤེས་རིག་བློན་ཆེན་དགོངས་པ་ཞུས་པ་སོགས། བསོད་ནམས་དབང་ཕྱུག་དང་། ན་གཞོན་ལས་འགུལ་བ་ཚོར་རྒྱལ་ཁ་ཆེན་པོ་ཐོབ་ཟིན་ནའང་། དེ་དང་འབྲེལ་གླེང་རྙོག་གཞན་འགའ་ཡང་ཟུར་ནས་ཐོན་། དེའི་ཁྲོད་ཀྱི་གཅིག་ནི། བསོད་ནམས་དབང་ཕྱུག་གིས་བཤད་པ་ལྟར་ན། ཁོའི་ཟས་བཅད་ངོ་རྒོལ་འདི་མཇུག་བསྡུ་ཆེད། བསོད་ནམས་དབང་ཕྱུག་རང་གི་བཟའ་ཟླ། གྷེ་ཏན་ཇ་ལི་(Gitanjali)ཡིས་ཀོང་རེ་སེ་ཆབ་སྲིད་ཚོགས་པའི་དབུ་ཁྲིད། རཱ་ཧུ་གྷན་དྷི་ལ་ཆེད་དུ་རེ་སྐུལ་ཞིག་ཞུས་ཀྱང་། རཱ་ཧུ་གྷན་དྷི་ཡིས་སྐབས་དེར་ལན་ཡག་པོ་ཞིག་མ་སྤྲད་པ་བཤད། གནས་ཚུལ་འདིས་བསོད་ནམས་དབང་ཕྱུག་རང་ཉིད་གཙོས། ན་གཞོན་མང་པོར་བློ་ཕམ་སྐྱེས་སུ་བཅུག་ཡོད་པ་གསལ་བོར་གྱུར།
རཱ་ཧུ་གྷན་དྷི་ཡི་བྱེད་སྟངས་འདིས། ན་གཞོན་ལས་འགུལ་བ་ཚོའི་མིག་ལམ་དུ། རཱ་ཧུ་གྷན་དྷི་དང་ཀོང་རེ་སེ་ཚོགས་པ་ནི་བེད་སྤྱོད་ཡོད་པ་ཞིག་ལས། ཡིད་ཆེས་བྱ་ཆོག་པའི་མཐུན་གྲོགས་ཤིག་མིན་པ་ཞིག་ཏུ་གྱུར་ཡོད་པ་གསལ། ཆབ་སྲིད་ཀྱི་ཆ་ནས་རཱ་ཧུ་གྷ་དྷི་ཡིས། གོ་སྐབས་འདི་བཟུང་ནས་ན་གཞོན་ཚོ་ལ་བློ་གཅིག་གིས་རྒྱབ་སྐྱོར་དང་། ཁོ་ཚོའི་སེམས་རང་ཕྱོགས་སུ་འགུག་མ་ཐུབ་པའམ། གསར་དུ་འབྱུང་བཞིན་པའི་སྟོབས་ཤུགས་གསར་བ་འདི་དང་། གུ་ཡངས་ཆབ་སྲིད་ཚོགས་པ་ཀོང་རེ་སེ་བར་ཡིད་ཆེས་བརྟན་པོ་ཞིག་བསྐྲུན་མ་ཐུབ་པ་གསལ། དོན་དངོས་སུ་ཀོང་རེ་སེ་གཙོས་ཕྱོགས་འགལ་ཆབ་སྲིད་པ་ཚོས། ཐོག་མར་ན་གཞོན་ཚོའི་ལས་འགུལ་ལ་ཟུར་ནས་རྒྱབ་སྐྱོར་ཆུང་ངུ་རེའི་རྣམ་འགྱུར་བསྟན་ནས་བསྡད་ཅིང་། གྲུབ་འབྲས་སོན་ལ་ཉེ་བའི་སྐབས་སུ་གཞི་ནས་ཕྱི་ལ་ཐོན།
