Homeརྒྱལ་སྤྱི།དཀྱིལ་ཤར།སེ་རི་ཡའི་སྲིད་འཛིན་ཨ་རིར་སླེབས། 

སེ་རི་ཡའི་སྲིད་འཛིན་ཨ་རིར་སླེབས། 

Date:

(གཟའ་ཟླ་བའི་ཉིན་སེ་རི་ཡའི་སྲིད་འཛིན་གསར་བ། ཨལ་ཤཱ་ར་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག)

གཟའ་ཟླ་བའི་ཉིན་སེ་རི་ཡའི་སྲིད་འཛིན་གསར་བ། ཨལ་ཤཱ་ར་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག ཁོ་ཡར་འགྲོ་དུས་ཕོ་བྲང་དཀར་པོའི་ལྟག་སྒོ་ནས་ནང་ལ་འཛུལ་ཅིང་། ཕྱིར་ཐོན་དུས་ཀྱང་ཕོ་བྲང་དཀར་པོའི་ལྟག་སྒོ་ནས་ཐོན། སེ་རི་ཡ་ནི་དཀྱིལ་ཤར་གྱི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་ནའང་། འདས་པའི་ལོ་མང་པོའི་རིང་ཨ་རི་དང་ལྷན་འབྲེལ་བ་ཡག་པོ་ཞིག་འཛུགས་མ་ཐུབ་པ་དང་། ལྷག་པར་ཕྱི་ལོ་ 2012 ལོ་ནས་ཨ་རིས་སེ་རི་ཡ་དང་ཕྱི་འབྲེལ་ཀྱང་བཅད། དེར་བརྟེན་འདི་ནི་ལོ་རྒྱུས་ཁྲོད་སེ་རི་ཡའི་སྲིད་འཛིན་ཞིག་ཕོ་བྲང་དཀར་པོའི་ནང་དུ་སླེབས་པ་ཐོག་མ་དེ་གྱུར།

•. དེ་བཞིན་སྒྲོ་ནལ་ཁྲི་རམ་ཕུ་དང་ཨལ་ཤཱ་ར་གཉིས་ཐུག་པ་ཐེངས་གསུམ་པ་དེ་གྱུར། ལོ་སྔོན་མར་སེ་རི་ཡར་སྲིད་འགྱུར་བྱུང་ཞིང་། ཏུར་ཀེའི་རྒྱབ་སྐྱོར་འོག་ཨལ་ཤཱ་ར་ཡིས་འགོ་འཁྲིད་པའི་ཁ་ཆེ་དྲག་དཔུང་(HTS)ཞེས་པས། སེ་རི་ཡའི་སྲིད་འཛིན་སྒེར་གཅོད་པ་ཨ་ས་རྡིའི་ཁྱིམ་ཚང་གི་སྲིད་དབང་མཇུག་བསྡུས། དུས་དེ་ནས་བཟུང་ནུབ་ཕྱོགས་རྒྱལ་ཁབ་ཚོས། སེ་རི་ཡ་དང་ལྷན་འབྲེལ་བ་གསར་བ་ཞིག་འཛུགས་རྒྱུར་འབད་པ་བྱས། སྒྲོ་ནལ་ཁྲི་རམ་ཕུས། ཕྱི་ལོ་ 2019 ལོར་ཨ་རིས་སེ་རི་ཡའི་སྟེང་བཀལ་བའི་ཉེས་ཆད་ཅིག་ཉིན་ 180 རིང་ཕྱིར་འཐེན། དོན་དངོས་སུ་ཨལ་ཤཱ་ར་ཞེས་པའི་མི་འདི་ནི། སྔར་གོང་གི་ཁ་ཆེ་དྲག་དཔུང་འདིའི་གཏེ་དཔོན་ཡིན་པ་དང་། ཚོགས་པ་འདི་ནི་ཨ་རིས་དྲག་སྤྱོད་པའི་མིང་ཐོའི་ནང་དུ་བཅུག་ཡོད།

•. དེ་མ་ཟད་སྔར་ཚོགས་པ་འདི་དང་། ཁ་ཆེ་དྲག་སྤྱོད་ཚོགས་པ་ཨལ་ཁཱ་རྡ་(al-Qaeda)གཉིས་འབྲེལ་བ་ཡོད་པ་དང་། ཨལ་ཁཱ་རྡ་ཞེས་པའི་ཁ་ཆེ་དྲག་སྤྱོད་ཚོགས་པ་འདི་ནི། ཕྱི་ལོ་ 2001 ཟླ་ 9 ཚེས་ 11 ཉིན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་འཛམ་གླིང་ཚོང་དོན་བསྟི་གནས་ཀྱི་ཁང་བརྩེགས་གཉིས་ལ་གནམ་གྲུས་གཏོར་རྒོལ་བྱེད་མཁན་དེ་རེད། ཕྱི་ལོ་ 2015 ལོར་ཨལ་ཤཱ་ར་ཡི་ཚོགས་པ་འདི་དང་། ཨལ་ཁཱ་རྡ་གཉིས་ཀྱི་འབྲེལ་བ་བཅད་ཟིན་ནའང་། ཨ་རིས་མི་འདི་འཛིན་ཐུབ་མཁན་ཡོད་ཚེ་ཨ་སྒོར་ས་ཡ་ $10 ཡི་བྱ་དགའ་སྤྲོད་རྒྱུ་ཡིན་པ་བསྒྲགས་ཟིན། བདུན་ཕྲག་སྔོན་མར་ཨ་རིའི་ནོར་སྲིད་ལྷན་ཁང་གིས། མི་འདི་དམིགས་བསལ་དྲག་སྤྱོད་པའི་མིང་ཐོ་ནས་ཕྱིར་བཏོན།

•. ད་ལྟ་ཁོ་ཕོ་བྲང་དཀར་པོའི་ནང་དུ་སླེབས་ཤིང་། ཨ་རིའི་དམག་སྤྱི་ཚོ་དང་ལྷན་ལག་རྩེད་སྤོ་ལོ་ཚུན་རྩེད་བཞིན་པའི་བརྙན་ཕྱིར་ཐོན། འདས་པའི་ལོ་ངོ་ 13 རིང་ནང་འཁྲུག་དྲག་པོས། པགས་པ་གཏེད་གཏེད་བྱས་ཟིན་པའི་སེ་རི་ཡས། རྒྱལ་ཁབ་གཞན་དང་ལྷན་འབྲེལ་བ་གསར་བ་ཞིག་འཛུགས་བཞིན་པ་དང་། ཁ་ཆེ་དྲག་སྤྱོད་ཚོགས་པ་ཁ་ཆེའི་རྒྱལ་ཁབ་(IS)ཅེས་པ་རྩ་མེད་བཟོ་ཆེད། རྒྱལ་ཁབ་ 90 ཡི་མཉམ་འབྲེལ་དཔུང་སྡེའི་ནང་ལའང་སེ་རི་ཡ་འཛུལ་རྒྱུ་ཡིན་པའི་གནས་ཚུལ་ཐོན། སྒྲོ་ནལ་ཁྲི་རམ་ཕུས། ཨལ་ཤཱ་ར་ནི་ཧ་ཅང་ནུས་པ་ཆེ་བའི་དབུ་ཁྲིད་ཅིག་རེད། ང་ཁོ་ལ་དགའ་བོ་ཡོད་ལ་ང་གཉིས་འཆམ་པོའང་ཡོད། ང་གཉིས་ཀྱིས་སེ་རི་ཡ་ཡར་རྒྱས་གཏོང་རྒྱུར་གང་ཐུབ་བྱ་རྒྱུ་ཡིན་ཞེས་བཤད།

•. ད་དུང་སྒྲོ་ནལ་ཁྲི་རམ་ཕུས། ཐེངས་འདིར་ང་གཉིས་ཀྱིས་དཀྱིལ་ཤར་གྱི་ཞི་བདེ་སྐོར་གླེང་ཟིན་ལ། སེ་རི་ཡ་ནི་དཀྱིལ་ཤར་དུ་ཞི་བདེ་སྐྲུན་ཆེད་ཧ་ཅང་གལ་ཆེ། ང་གཉིས་ཡང་བསྐྱར་ཐུག་ནས་སྐད་ཆ་བཤད་རྒྱུར་རེ་སྒུག་བྱེད་ཡོད་ཅེས་བཤད། རྒྱལ་ཁབ་བར་གྱི་ཕྱི་འབྲེལ་དང་མི་སྒེར་བར་གྱི་འབྲེལ་བ་གཉིས་སྐབས་རེར་ངོ་བོ་དབྱེར་མེད་ལྟ་བུ་མཐོང་བཞིན་པའི་སྒྲོ་ནལ་ཁྲི་རམ་ཕུ། སེ་རི་ཡའི་སྲིད་འཛིན་གསར་བ་འདི་ལ་སྒེར་ངོས་དགའ་ཡོད་པ་ཧ་ཅང་གསལ་བོར་གྱུར། དེའི་རྗེས་སུ་ཨལ་ཤཱ་ར་ཡིས་ཨ་རིའི་ཧྥོག་སི་གསར་ཁང་ལ། ད་ལྟ་སེ་རི་ཡ་ནི་ཨ་རིའི་ཐབས་བྱུས་གྲོགས་པོ་ཞིག་ཡིན་ཞེས་བཤད། ཐེངས་འདིར་གཙོ་བོ་སེ་རི་ཡའི་བྱང་ཕྱོགས་ཀྱི་ཁིར་རྡི་ཤི་མི་རིགས་ཀྱི་དམག་མི་ཚོ། སེ་རི་ཡའི་གཞུང་དམག་ཁྲོད་ཇི་ལྟར་ཟླ་སྒྲིལ་རྒྱུ་དང་། སེ་རི་ཡ་དང་ཨེ་ཛི་རལ་བར་ཞི་བདེའི་འབྲེལ་བ་ཞིག་འཛུགས་རྒྱུའི་ཐད་གླེང་མོལ་བྱས་ཡོད་པ་གསལ།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།