ཨ་རིའི་དམག་དཔུང་གིས། མདང་དགོང་དང་དེ་རིང་ཞོགས་པར། ཨེ་རན་གྱི་སྟེང་གཏོར་རྒོལ་བྱས་ཤིང་། འདི་ནི་བསྟུད་མར་གཏོར་རྒོལ་བྱས་ནས་ཉིན་བདུན་པ་དེ་གྱུར། ཐེངས་འདིར་ཨེ་རན་དམག་དཔུང་གི་ལྟ་ཞིབ་ལྟེ་གནས་དང་སྐྱེལ་འདྲེན་ལྟེ་གནས། ས་འོག་ཏུ་ཡོད་པའི་གོ་མཛོད་བཅས་ལ་གཏོར་རྒོལ་བྱས་ཟིན་པ་བསྒྲགས། དེའི་ཁྲོད་གློག་ཁང་ཞིག་དང་། ཆུ་བཙག་བྱེད་ཅིག་ལ་གཏོར་རྒོལ་བྱས་རྐྱེན་མི་ཁྲི་ 1 ཡས་མས་ལ་འཐུང་ཆུ་མེད་པར་གྱུར་ཟིན་པ་བཤད། དེ་བཞིན་བརྡ་འཕྲིན་ལྟེ་གནས་ཤིག་ལ་གཏོར་རྒོལ་ཐེབས།
ཨེ་རན་གྱི་ཁ་ཆེ་གསར་བརྗེ་དམག་དཔུང་གིས་དེའི་ལན་དུ། ཁུ་ཝ་ཏི་སོགས། དཀྱིལ་ཤར་གྱི་ཨ་རིའི་མཐུན་གྲོགས་དག་གི་སྟེང་གཏོར་རྒོལ་བྱས། དེའི་ཁྲོད་ཁུ་ཝ་ཏིའི་རྡོ་སྣུམ་བཟོ་གྲྭ་ཞིག་དང་། གློག་ཁང་ཞིག་ལ་གཏོར་རྒོལ་ཐེབས་ཟིན་པ་དང་མི་སྐོར་ཞིག་རྨས་ཟིན་པ་བཤད། རྗོར་རྡན་གྱི་གནམ་སྲུང་མ་ལག་གིས། ཨེ་རན་གྱི་འཕུར་མདའ་10 བཀག་ཟིན་པ་དང་། བྷ་ཧ་རན་གྱི་གནམ་སྲུང་མ་ལག་གིས་ཨེ་རན་གྱི་ཚུར་རྒོལ་འགོག་དགོས་གྱུར་ཟིན་པ་བསྒྲགས།
ཁ་སང་ཨེ་རན་གྱི་དམག་དཔུང་གིས། ཁུ་ཝ་ཏི་དང་བྷ་ཧ་རན། རྗོར་རྡན་སོགས་སུ་ཡོད་པའི་ཨ་རིའི་དམག་དོན་བསྟི་གནས་དག་གི་སྟེང་གཏོར་རྒོལ་བྱས་ཟིན་ཡོད་པ་བཤད། ཡིན་ན་ཡང་། ཨ་རིས་ཐེངས་འདིར་རྒོལ་ཐེབས་ཟིན་པ་བདེན་པ་མ་ཡིན་པ་བསྒྲགས། གཞན་ཡང་འདས་པའི་བདུན་ཕྲག་རིང་ཨེ་རན་གྱིས་གཏོར་རྒོལ་ཁྲོད། ཨ་རིའི་དམག་མི་སྐོར་ཞིག་རྨས་ཟིན་པ། ཨ་རིའི་སི་བྷི་ཨེ་སི་གསར་ཁང་གིས་གནས་ཚུལ་བཀོད། ཡིན་ན་ཡང་། ཨ་རིའི་དམག་དཔུང་གིས་གནས་ཚུལ་འདི་བདེན་པ་ཡིན་པ་ཁས་མ་བླངས།
ཨེག་སོ་སི་སྟེང་གནས་ཚུལ་བཀོད་པ་ལྟར་ན། རྡོ་སྣུམ་སྐྱེལ་མཁན་གྱི་ཨ་རིའི་གནམ་གྲུ་མང་བ་ཨེ་ཛི་རལ་དུ་འཕུར་བཞིན་པ་དང་། ཨེ་རན་གྱི་དམག་འཁྲུག་གི་གནས་སྟངས་སྡུག་ཏུ་འགྲོ་སྲིད་པར་གྲ་སྒྲིག་བྱེད་བཞིན་པ་བཤད། ཨེ་རན་གྱི་ཁ་ཆེ་གསར་བརྗེ་དམག་དཔུང་གིས། གལ་སྲིད་ཨ་རིས་མུ་མཐུད་དུ་ཨེ་རན་གྱི་སྟེང་གཏོར་རྒོལ་བྱས་ཚེ། ཁ་ཆེ་གསར་བརྗེ་དམག་དཔུང་གི་ངོས་ནས་ཕར་རྒོལ་འགོ་འཛུགས་རྒྱུ་ཡིན་པ་བསྒྲགས།དེའི་དོན་ནི་ད་ལྟ་བར་ཨ་རིའི་ཚུར་རྒོལ་ལ་ལན་སློག་བཞིན་པ་ལས། རང་ངོས་ནས་ཕར་རྒོལ་བྱེད་ཀྱི་མེད་ཅེས་པ་དེ་རེད།
ད་ལྟ་བར་ཕྱོགས་གཉིས་ཀྱིས་ཕན་ཚུན་བར་དམག་འཁྲུག་ཧྲིལ་བོ་འབྱུང་རྒྱུར་གཡོལ་བཞིན་པ་དང་ལྷན། ད་ལྟའི་གཏོར་རྒོལ་འདི་ཙམ་གྱིས་སྒྲོ་ནལ་ཁྲི་རམ་ཕུའི་དམིགས་ཡུལ་འགྲུབ་རྒྱུའི་རྣམ་པ་གང་ཡང་མེད་པ་དང་། དོན་དངོས་སུ་སྔར་གང་བྱས་ལ་དེ་བསྐྱར་ལྡབ་བྱེད་བཞིན་པ་ལྟ་བུ་གྱུར། གལ་སྲིད་སྒྲོ་ནལ་ཁྲི་རམ་ཕུས་བཤད་པ་ལྟར། ཨ་རིའི་དམག་དཔུང་གིས། ཨེ་རན་གྱི་གློག་ཁང་དག་ལ་གཏོར་རྒོལ་བྱས་ཚེ། མཚོ་དམར་གྱི་ནང་དུ་ཡོད་པ། བྷབ་ ཨལ་ མན་སྒྲབ་མཚོ་འགག་(Bab al-Mandab Strait)སྒོ་རྒྱག་དགོས་ཞེས། ཨེ་རན་གྱིས་ཡེ་མན་གྱི་ཧུ་ཏེ་དྲག་དཔུང་ལ་བཤད་ཟིན་པའི་གནས་ཚུལ་ཐོན།
