
ཕྱི་ལོ་ ༢༠༢༥/༧/༢༣ གཟའ་ལྷག་པ།
🔴 བྱང་ཨ་རི།
{⚠️སྔོན་བརྡ། འོག་ཏུ་བཀོད་པའི་ཁྲོད་ཆགས་སྲེད་དང་། སྐྱོ་གནས་ཀྱི་གནས་ཚུལ་ཚུད་ཡོད་པ་ལགས།}
དང་པོ། ཨེབ་སི་ཀྲེན་ཞེས་པ་སུ་ཡིན་པ།
རྗར་ཧྥེ་ཨེབ་སི་ཀྲེན་(Jeffrey Epstein)ནི། ཕྱི་ལོ་ 1953 ལོར་ནེའུ་ཡོག་གྲོང་ཁྱེར་གྱི་བྷི་རུ་ཁི་ལེན་ས་ཁུལ་དུ། རྗོའུ་མི་རིགས་ཀྱི་འབྱོར་འབྲིང་ཁྱིམ་ཚང་ཞིག་ཏུ་སྐྱེས། ཁོ་ནི་སློབ་ཆུང་དང་སློབ་འབྲིང་དུ་སྤྱིར་བཏང་གི་སློབ་ཕྲུག་ཅིག་ཡིན་པ་ལ་ཨང་རྩིས་ལ་མཁས་པ་བཤད། ནེའུ་ཡོག་གཙུག་ལག་སློབ་གྲྭར་ཞུགས་ཀྱང་སློབ་མཐར་མ་ཕྱིན་སྔོན་ཕྱིར་ཐོན་ཟིན་པས། ཁོ་ལ་ཤེས་ཡོན་གྱི་ལག་འཁྱེར་ཚད་ལྡན་ཞིག་མེད། ཕྱི་ལོ་ 1970 ནང་ཁོས་ནེའུ་ཡོག་གི་མན་ཧ་ཀྲན་དུ་སློབ་གྲྭ་ཞིག་(Dalton School)ཏུ། ཨང་རྩིས་དང་དངོས་ཁམས་དགེ་རྒན་བྱས། ཁོ་ནི་རང་བཞིན་གྱིས་སྤྱང་གྲུང་འཛོམས་ཤིང་། གཤིས་ཀར་སྤྲོ་སྣང་ལྡན་པ། གཞན་དག་ལ་འབྲེལ་བ་འཛིན་མཁས་པས་མི་མང་པོ་ལས་སློ་བོར་ངོ་ཤེས།
དེ་ལ་བརྟེན་ནས་ཝོལ་ སི་ཀྲི་རི་ཀྲི་(མ་རྐང་ཁྲོམ་རའི་ལྟེ་བ།)ཡི་མ་རྐང་དངུལ་ཁང་། བྷེར་སི་ཀྲེན་སི་(Bear Stearn)ཡི་སྤྱི་ཁྱབ་ཨ་ལན་གྷི་རེན་བྷར་གྷི་དང་ཁོ་གཉིས་འབྲེལ་བ་བྱུང་། འདི་ནི་ཁོ་ནུབ་ཕྱོགས་ཀྱི་འབྱོར་ལྡན་ཚོའི་དཀྱིལ་འཁོར་དུ་འཛུལ་སའི་སྒོ་ཆེན་ཐོག་མ་གྱུར། ཕྱི་ལོ་ 1982 ལོར་ཁོས་རང་གི་དངུལ་རྩའི་ཁེ་གཉེར་(J. Epstein & Co )ཞེས་པ་བཙུགས། ཁེ་གཉེར་འདིས་འབྱོར་ལྡན་ཚོའི་དངུལ་སྒོར་ལ་འཛིན་སྐྱོང་བྱེད་བཞིན་པ་བཤད་པ་ལས། དོན་དངོས་སུ་ཅི་ཞིག་བྱེད་བཞིན་པ་ནི་ལྐོག་གྱུར་གྱི་ངོ་བོར་གནས། ཕྱི་ལོ་ 1980 ནང་ཨེབ་སི་ཀྲེན་ནི་ཨ་སྒོར་ཐེར་འབུམ་གྱི་བདག་པོ་འབྱོར་ལྡན་མང་པོར་འབྲེལ་བ་ཟབ་ཅིང་། མི་མང་པོས་དགའ་མོས་དང་ཡིད་སྨོན་བྱ་སའི་འབྱོར་ལྡན་ཞིག་ཏུ་གྱུར། ཡིན་ན་ཡང་། ཁོའི་འབྱོར་བ་དེ་ཇི་ལྟར་བསགས་པ་སྔར་བཞིན་སུ་ལ་ཁ་གསལ་ཞིག་བཤད་རྒྱུ་མེད་པར་གྱུར།
◾གཉིས་པ། མི་རྣམས་ཀྱི་མཐོང་ཡུལ་གྱི་ཨེབ་སི་ཀྲེན།
དོན་དངོས་སུ་ཁོའི་ཤེས་ཡོན་དེ་ཧ་ཅང་ཚད་གཞི་ཅན་ཞིག་ཡིན་ནའང་།
ཁོ་ལ་འབྱོར་ལྡན་ཡིན་པའི་མིང་ཙམ་གྱིས་ཡིད་མ་འཚིམ་པར་མཁས་པ་ཞིག་ཡིན་པའི་སྣང་བརྙན་ཡང་སྐྲུན་ཐབས་བྱས། ཁོའི་མཐའ་སྐོར་དུ་འཛམ་གླིང་གི་ཚན་རིག་པ་རྩེད་ཕུད་དང་། སློབ་དཔོན་ཆེན་མོ་མང་པོས་བསྐོར་ཡོད་པ་མ་ཟད། ཧྭ་ཝར་ཀྲི་གཙུག་ལག་སློབ་གྲྭ་སོགས་ཤེས་ཡོན་སྡེ་ཁག་མང་པོར་ཞལ་འདེབས་དང་། རོགས་སྐྱོར་ཨ་སྒོར་ས་ཡ་མང་པོ་གཏོང་བཞིན་པ་དང་། སྐབས་དང་མཚམས་སུ་ཚན་རིག་པ་རྩེ་གྲས་དག་འབོད་འགུག་གིས་ཚན་རིག་བགྲོ་གླེང་སོགས་བསྡུ་བཞིན་ཡོད། སྟེགས་བུ་དེ་དག་བརྒྱུད་ཁོ་རང་གིས་ཀྱང་ཚན་རིག་སོགས་བརྗོད་བྱ་ཆེན་པོ་དག་གི་སྟེང་། གདེང་སྤོབས་དང་བཅས་སྐད་ཆ་ཤོད་ཀྱི་ཡོད།
མཐའ་ན་དུས་རབས་འདིའི་ཚན་རིག་པ་དག་གི་གཙུག་རྒྱན། སི་ཀྲེ་ཧྥན་ ཧའོ་ཀེན་(Stephen Hawking)ལའང་འབྲེལ་བ་བྱུང་། (ཡིན་ན་ཡང་། ཁོ་ཨེབ་སི་ཀྲེན་གྱི་ནག་ཉེས་ཁྲོད་ཚུད་ཡོད་པའི་བདེན་དཔང་དང་།གླེང་གཞི་གང་ཡང་མེད་པ་ངེས་དགོས།) དེར་བརྟེན་མི་ཚོའི་མཐོང་ལམ་དུ་ཨེབ་སི་ཀྲེན་ནི་འབྱོར་ལྡན་ཙམ་ཞིག་མ་ཡིན་པར། ཤེས་ཡོན་དང་འབྲེལ་བའི་མི་ཞིག་ཀྱང་ཡིན། དེ་དང་ལྷན་མཐོ་རིམ་ཆབ་སྲིད་པ་དང་།རྩོམ་པ་པོ་གྲགས་ཅན། གློག་བརྙན་ཁྲབ་འཁྲིད་པ་དང་ཁྲབ་སྟོན་པ། རྒྱལ་པོའི་ཁྱིམ་ཚང་གི་སྲས་བཅས་ལའང་འབྲེལ་བ་བྱུང་། ཨེབ་སི་ཀྲེན་དང་འབྲེལ་བ་བྱུང་ཟིན་པ་དག་ལས། ངོས་འཛིན་སླ་བ་འགའ་ནི་ཨ་རིའི་སྲིད་འཛིན་ཟུར་བ་བྷེལ་ ཁི་ལིན་ཀྲོན་དང་། དབྱིན་ཇིའི་རྒྱལ་མོའི་སྲས་གཉིས་པ་རྒྱལ་སྲས་ཨན་སྒྲི་རུ་(Prince Andrew) ད་ལྟའི་ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་སོགས་རེད།
གསུམ་པ། ◾ནག་ཉེས་ཕྱིར་ཐོན་པའི་རིམ་པ།
ཨེབ་སི་ཀྲེན་ནི་འབྱོར་ལྡན་ཞིག་ཡིན་ནའང་། ཁོས་ཇི་ལྟར་དངུལ་སྒོར་གསོག་བཞིན་པ་ལྐོག་གྱུར་ཡིན་པ་དེ་ནི་དོགས་གཞི་ཆེན་པོ་ཞིག་སྔར་ནས་ཡིན་ནའང་། དོན་ལ་མི་མང་ཆེ་བར་མཚོན་ན་ཁོ་ནི་ལག་པས་མི་སྙོབས་ས་ཞིག་ཏུ་བསྡད་ཡོད། ཕྱི་ལོ་ 2005 ལོར་ཧྥི་ལོ་ར་སྒྲ་མངའ་སྡེའི་ཕམ་མཚོ་འགྲམ་(Palm beach)ཞེས། འབྱོར་ལྡན་ཚོའི་སྡོད་གནས་མང་པོ་ཡོད་ས་དེའི་ཁོའི་ཁང་པར། ས་གནས་ཀྱི་བུ་མོ་ལོ་ན་ 14 ཅན་ཞིག་གིས་ཨེབ་སི་ཀྲེན་གྱིས་མོ་ལ་ཆགས་སྲེད་དང་འབྲེལ་བརྙས་བཅོས་བྱས་སོང་ཞེས་ཕ་མར་བཤད་པར། བུ་མོ་དེའི་ཨ་མས་གནས་ཚུལ་དེ་མགྱོགས་པོར་ཉེན་རྟོག་ཁང་ལ་བསྐྱལ། འདི་ནི་ཁོའི་ནག་ཉེས་ཐོག་མར་ཕྱིར་བཏོན་པ་དེ་གྱུར། བུ་མོ་དེ་ལྟར་ན་ལོ་ན་ཅུང་ཆེ་བའི་བུ་མོ་གཞན་ཞིག་གིས་མོ་དེར་འཁྲིད་ཟིན་པ་དང་། ཨེབ་སི་ཀྲེན་གྱིས་མོ་ལ་གཟུགས་པོར་འཕུར་མཉེད་ཀྱི་གླ་ཆར་ཨ་སྒོར་ $300 སྤྲད།
གཟུགས་པོ་འཕུར་མཉེད་བྱེད་བཞིན་པའི་སྐབས་སུ། གཞི་ནས་ཁོས་བུ་མོ་དེའི་ལུས་སྟེང་ལ་ལག་པས་རེག་ཅིང་། གསང་དོར་ཕུད་དགོས་པ་བཤད་པར་བུ་མོ་དེས་གཞི་ནས་ཅི་ཞིག་འབྱུང་བཞིན་པ་ཤེས་ཟིན་པ་བཤད། མོ་ལོ་ན་ཧ་ཅང་ཆུང་བས་མོའི་མིང་སོགས་གནས་ཚུལ་ཞིབ་ཕྲ་ཕྱིར་མ་བཀྲམས། གནས་ཚུལ་འདི་ལ་བརྟེན་ནས་ས་གནས་ཉེན་རྟོག་པས་སྔོག་བཤེར་དང་། ཞིབ་འཇུག་འགོ་བཙུགས་པར་ང་ལའང་ཨེབ་སི་ཀྲེན་གྱིས་ཆགས་སྤྱོད་དང་འབྲེལ་བརྙས་བཅོས་བྱས་སོང་ཟེར་མཁན། སྔ་ཕྱི་ལོ་ན་ 14 ཡས་མས་ཅན་གྱི་བུ་མོ་ 36 ཡས་མས་ཐོན། ཧ་ཅང་ཞི་བདེ་དང་བདེ་འཇགས། ཁུ་སིམ་ཡིན་པའི་འབྱོར་ལྡན་ཚོ་སྡོད་ས་འདིའི་དཀྱིལ་དུ་གནས་ཚུལ་དེ་འདྲ་ཞིག་འབྱུང་བཞིན་པ་དེས་ཉེ་འཁོར་གྱི་སྡོད་མི་ཚོ་ལས་ཧ་ལས་སུ་བཅུག
ས་གནས་ཉེན་རྟོག་དཔོན་མའེ་ཀལ་རེ་ཀྲར་ཞེས་པས་ཧ་ཅང་དང་དུ་བླངས་ཤིང་། འདི་ནི་གནས་ཚུལ་ཆེན་པོ་ཞིག་གི་སྣེ་མོ་ཙམ་ཡིན་པ་ཚོར་བས། ནག་ཉེས་འདིའི་གཏིང་སྔོག་ཆེད་རིམ་པར་གོང་མར་ཞུ་གཏུག
འདིའི་ཐད་གཏིང་ཟབ་ཞིབ་འཇུག་དགོས་པ་འབོད་སྐུལ་དང་། ལས་འགུལ་རིམ་པར་སྤེལ་ནའང་འཇོར་གྱི་སྣེ་མོ་བྲག་རྡོ་ཆེན་པོ་ལ་ཐུག་པ་ལྟར་ཕར་རྐོ་རྒྱུ་མེད་པར་གྱུར། ཡིན་ན་ཡང་། དུས་དེ་ནས་བཟུང་རང་ཉིད་ལ་ཨེབ་སི་ཀྲེན་གྱིས་བརྙས་བཅོས་བྱས་སོང་། ཞེས་བུ་མོ་མང་པོ་རྒྱུན་མཐུད་ནས་མདུན་ལ་ཐོན་པའི་མཇུག་འབྲས་སུ། ཕྱི་ལོ་ 2008 ལོར་ཁྲིམས་ཁང་གིས་ཀྱང་། ན་ཚོད་མ་སྨིན་པའི་བུ་མོ་ཞིག་ཨེབ་སི་ཀྲེཉ་གྱིས་མི་གཞན་ཞིག་ལ་བསྐོར་(འཚོང་)ཟིན་པ་དང་། སྨད་འཚོང་མ་ཞིག་ལ་དངུལ་སྒོར་སྤྲད་ནས་འཁྲིག་པ་སྤྱད(ཨ་རིའི་མངའ་སྡེ་ཕལ་ཆེ་བར་ཁྲིམས་འགལ་ཡིན།)
པའི་ནག་ཉེས་ཙམ་བཙུགས།
དེའི་ཉེས་ཆད་དུ་ཟླ་བ་ 13 རིང་བཀག་མཉར་འོག་འཇོག་རྒྱུ་དང་། དོན་ལ་བཀག་མཉར་གྱི་སྐབས་སུའང་། ཁོ་མུ་མཐུད་དུ་ཉིན་རེར་ཆུ་ཚོད་ 12 རིང་འཆར་ཅན་ལས་ཁུངས་སུ་ཕྱིན་ནས་ལས་ཀ་བྱེད་པ་ཆོག་བཟོས། འདི་ནི་ཨ་རིའི་དེང་རབས་ལོ་རྒྱུས་ཁྲོད་ཀྱི་ཉེས་ཆད་བཙོག་ཤོས་ཤིག་ཏུ་གྱུར་ཟིན་ནའང་སུ་ལའང་བྱ་ཐབས་མེད་པར་གྱུར། ཡིན་ན་ཡང་། ཐེངས་འདིར་བྱུང་བའི་དྲང་པོ་མ་ཡིན་པའི་ཉེས་ཆད་འདིས་མི་མང་པོ་ཁོང་ཁྲོ་བསླངས་ཟིན་པ་དེ་ནི། ཁོ་ལ་ཉེས་ཆད་དངོས་འཕོག་རྒྱུའི་སྔོན་འགྲོའི་རྒྱུ་རྐྱེན་ཡག་ཤོས་དེ་གྱུར། གནོད་འཚེ་འཕོག་ཡུལ་མང་པོ་མུ་མཐུད་དུ་མདུན་ལ་ཐོན་བཞིན་པས། མཐར་ཕྱི་ལོ་ 2019 ཟླ་ 7 ཚེས་ 6 ཉིན་ཁོ་ཕེ་རི་སི་ནས་ཕྱིར་ཨ་རིའི་ནེའུ་རྗར་སིའི་གནམ་ཐང་དུ་སླེབས་མ་ཐག་གཞུང་གིས་བཟུང་།
ཐེངས་འདིར་ཁོ་ལ་བཙུགས་པའི་ནག་ཉེས་ནི། ཆགས་སྤྱོད་ཀྱི་ཆེད་བུ་མོ་ན་ཚོད་མ་སྨིན་པ་(ལོ་ 18 འོག)གཡོ་འཚོང་བྱེད་བཞིན་པ་དེ་གྱུར་ཅིང་། ཐེངས་སྔོན་མར་ཁོས་ཁྲིམས་རྩོད་པར་ལྐོག་ངན་སྤྲད་ནས་ཁྲིམས་ཁང་གིས་གུ་ཡངས་བཏང་ཟིན་པ་དེས་མི་མང་པོར་ཁོང་ཁྲོ་བསླངས་ཟིན་པ་དང་། ཁོའི་ནག་ཉེས་དེ་སྐུང་ས་ཞིག་མེད་པར་གྱུར་བས། ཐེངས་འདིར་ཁོ་དང་འབྲེལ་ཡོད་ཚོས་ཐབས་ལམ་འདྲ་མིན་བཙལ་ནའང་ནུས་མེད་དུ་གྱུར། ཉེས་དོན་འདི་ལ་དབུས་གཞུང་གིས་(FBI)བདག་པོ་བརྒྱབས་ཤིང་། ནེའུ་ཡོག་ཏུ་ཡོད་པའི་ཁོའི་རྒྱས་སྤྲོ་ཁང་དུ་བསྔོག་བཤེར་སྐབས། བུ་མོ་ལོ་ཆུང་མང་པོའི་པར་དང་འོད་སྡེར་སྟོང་ཕྲག་དང་། ཐོངས་མཆན་རྫུན་མ་མང་པོ། དངུལ་སྒོར་དང་ཕ་ལམ་སོགས་རིན་པོ་ཆེ་་ཕོན་ཆེན་རག་པས་མི་རྣམས་ཧ་ལས་སུ་བཅུག
ཁྲིམས་བཤེར་འགོ་འཛུགས་གྲབས་ཡོད་པའི་སྐབས་ཏེ། ཕྱི་ལོ་ 2019 ཟླ་ 8 ཚེས་ 10 ཉིན་ཁོ་བཀག་མཉར་ཁང་དུ་གློ་བུར་ཤི གཞུང་འབྲེལ་གྱི་འགྲེལ་བཤད་ནི་ཁོས་ལྕེབས་ཐག་དྲངས་ཟིན་པ་དེ་རེད། ཡིན་ན་ཡང་། མི་མང་པོ་ལྟར་ན། ཁོས་ཧ་གོ་ཡོད་པ་དེ་མང་དྲགས་པའམ། མདོར་ན་ཁོ་དང་འབྲེལ་ཡོད་ཀྱི་མི་སྟོབས་ཆེན་གཞན་གྱིས་རང་གི་ནག་ཉེས་སྐུང་ཆེད། མི་མངོན་པའི་སྟོབས་ཤུགས་དག་ཁ་མཐུན་གྱིས་བསད་ཟིན་པའི་ལྟ་ཚུལ་ཞིག་ཡོངས་སུ་ཁྱབ་ཡོད། ཁོ་ཤི་ཟིན་ནའང་སྒྲུང་དེ་ནས་རྫོགས་སོང་བ་མ་ཡིན་པས། ཁོའི་གནོད་འཚེ་འཕོག་ཡུལ་གྱི་ངོ་གདོང་གསར་བ་མང་པོ་མུ་མཐུད་དུ་མདུན་ལ་ཐོན་ནས་ཁ་གྲགས།
◾བཞི་བ། ཁོས་བུ་མོ་ཚོ་ཇི་ལྟར་ཚུར་བཀུག་པ།
ནག་ཉེས་འདིའི་དཀྱིལ་སྙིང་ནི་ཨེབ་སི་ཀྲན་གཅིག་པོ་ཡིན་ནམ་ཞེས་ན་མ་ཡིན། ཁོ་རང་ཉིད་ཀྱང་ཅང་སྤྱང་གྲུང་འཛོམས་ཤིང་། མིའི་འདོད་པ་དང་གཤིས་སྤྱོད་རྟོགས་ཐུབ་ཅིང་། དེ་བེད་སྤྱོད་ཀྱིས་རང་ལ་དགོས་པ་དེ་ཐོབ་ཐབས་བྱེད་པའམ། མི་དེ་དག་རང་དབང་མེད་པར་རང་གི་བྲན་དུ་མཁོ་བར་ཧ་ཅང་མཁས་པའི་ཞིག་ཡིན་པའི་སྟེང་། ཁོའི་དགའ་རོགས་ཡིན་པར་བཤད་པ། བུད་མེད་གྷེ་སི་ལེན་(Ghislaine Maxwell)ཞེས་པ་ཡིན་པ་དང་། བུད་མེད་འདི་ནི་དབྱིན་ཇིའི་འབྱོར་ལྡན་དང་། ཁྱིམ་བརྒྱུད་ཆེན་པོ་ཞིག་གི་བུ་མོ་ཡིན་པ་མ་ཟད། དབྱིན་ཡུལ་གྱི་ཨོག་སི་ཧྥོར་ཀྲི་གཙུག་ལག་སློབ་གྲྭ་ནས་ཀྱང་སློབ་ཐར་ཕྱིན། གནོད་འཚེ་འཕོག་ཡུལ་བུ་མོ་ཚོས་རྗེས་སུ་བཤད་པ་ལྟར་ན། མོ་ནི་ཁོག་ན་སྙིང་མེད་པའི་བུད་མེད་སྡུག་རྩུབ་ཅན་ཡ་མེད་ཅིག་ཡིན་པ་ལ། བུ་མོ་ཆུང་ངུ་ཚོ་ཚུར་འགུག་དུས་ཧ་ཅང་བྱམས་བརྩེའི་རྣམ་འགྱུར་སྟོན་མཁས་པ་ཞིག་ཡིན་པ་བཤད།
བུད་མེད་འདིས་བུ་མོ་ལོ་ཆུང་ཞིག་ལ་ལས་ཀའི་གོ་སྐབས་སོགས་སྤྲོད་རྒྱུ་དང་། སློབ་གཉེར་ལ་རོགས་བྱ་རྒྱུ་སོགས་ཁས་བླངས་ནས་ཚུར་བཀུག བུ་མོ་དེ་དངུལ་སྒོར་གྱིས་བསླུས་ཤིང་མཐར་དཀྱིལ་འཁོར་བཙོག་པ་དེ་ནས་ཕྱིར་འགྲོ་མི་ཐུབ་པ་བཟོས་རྗེས། བུ་མོ་དེ་ལ་མོའི་སློབ་གྲོགས་དང་གྲོགས་མོ་སོགས། ལོ་གང་ཆུང་ཆུང་དང་གང་མཛེས་འཁྲིད་ནས་ཡོང་རྒྱུའི་སྐུལ་མ་དང་དེ་ལ་གླ་རྔན་མང་བ་སྤྲོད་བཞིན་པ་བཤད། དཔེར་ན། སྔར་དཀྱིལ་འཁོར་དེའི་ནང་ཚུད་ཟིན་པའི་བུ་མོ་ཞིག་གིས། ང་གཅིག་བུས་བུ་མོ་ 50 ཡས་མས་ཤིག་འཁྲིད་ཟིན་ཅེས་མོ་རང་གིས་དངོས་སུ་གསར་ཁང་ལ་བཤད། ཨེབ་སི་ཀྲེན་གྱིས་འཁྲིག་པ་སྤྱོད་ཡུལ་ཚོ་ནི་བུ་མོ་ལོ་ན་ 12 ནས་ 14 དང་ 16 སོགས་འདྲ་མིན་ཞིག་ཡིན་པ་དང་། ཁོ་རང་གིས་སྤྱད་པ་ཙམ་ཞིག་མ་ཡིན་པར། མཐོ་རིམ་ཚོར་ནང་ཁུལ་དུ་སྐོར་རེས་བྱས་ཟིན་པའི་དོགས་གཞི་ཡོད་པ་དང་། མཐའ་མ་དེར་ཁོ་ལ་འཕོག་པའི་ནག་ཉེས་ཀྱི་སྙིང་པོའང་འདི་རེད།
འདིའི་ཐད་ཁ་གྲགས་མཁན་གལ་ཆེན་ཞིག་ནི། ད་ལོའི་ཕྱི་ཟླ་ 4 ཚེས་ 25 ཉིན་འདས་གྲོངས་སུ་ཕྱིན་ཟིན་པ། བུད་མེད་ཝེར་རྗེ་ནེ་ཡ་ གྷུ་ཧྥེར་(Virginia Giuffre)གྱུར། མོ་ལོ་ན་ 17 སྟེང་ཨེབ་སི་ཀྲེན་གྱི་གཡོ་འོག་ཏུ་ཚུད་ཅིང་། ལོ་ན་ 19 ཡིན་སྐབས་ཐེ་ལན་དུ་འཕུར་མཉེད་སློབ་སྦྱོང་གི་མིང་ཐོག་ནས་བཏང་ཞིང་། དོན་ལ་ཐེ་ལན་གྱི་བུ་མོ་ལོ་ཆུང་གཞན་ཞིག་ཨ་རིར་འཁྲིད་ནས་ཡོང་ཆེད་ཡིན་པ་བཤད། ཐེ་ལན་དུ་མོ་དང་ཨོ་སི་ཁྲོ་ལི་ཡའི་བུ་ཞིག་ཐུག་པས། མོས་རང་ཉིད་སླར་ཡང་ཨེབ་སི་ཀྲེན་གྱི་འཁོར་དུ་མི་འགྲོ་རྒྱུའི་དམ་བཅའ་དང་བཅས། བུ་དེ་དང་གཉེན་སྒྲིག་གིས་ཨོ་སི་ཁྲོ་ལི་ཡར་ཕྱིན། མོ་ལྟར་ན། དབྱིན་ཇིའི་རྒྱལ་སྲས་ཨན་སྒྲི་རུ་ཡིས་མོ་ལ་འཁྲིག་པ་ཐེངས་ 3 སྤྱད་ཟིན་པ་དང་། ཐེངས་དང་པོའི་སྐབས་སུ་མོ་རང་ལོ་ 18 མ་ཟིན་པ་བཤད།
སྐབས་དེར་ཨེབ་སི་ཀྲེན་དང་དབྱིན་ཇི་རྒྱལ་སྲས་ལྟ་བུ་ཞིག་ལ། མོ་ལྟ་བུ་ཞིག་གིས་ཁྲིམས་ཐོག་ནས་གདོང་ཐུག་རྒྱག་རྒྱུ་ནི། ཤེས་བཞིན་དུ་མགོ་བོ་བྲག་ལ་རྡུང་བ་དང་ཁྱད་མེད་པ་མ་ཟད། མོ་ལ་འཇིགས་སྐུལ་ཡང་རིམ་པར་བྱས་ཟིན་པ་མོ་རང་གིས་བཤད། ཇི་ལྟར་ཡང་ཕྱི་ལོ་ 2009 བར་མོས་གནས་ཚུལ་འདི་ཁྲིམས་ཐོག་ལ་སྐྱེལ་མ་ཐུབ་ཅིང་། ཕྱི་ལོ་ 2014 ལོ་ནས་དངོས་མིང་དང་བཅས་གསར་འགོད་པར་སྐད་ཆ་བཤད་འགོ་བཙུགས། གྱོད་དོན་འདིའི་ཁྲོད་དབྱིན་ཇིའི་རྒྱལ་སྲས་ཀྱི་མིང་ཡང་ཚུད་པས་གཞི་ནས་འཛམ་གླིང་གིས་དོ་སྣང་ཤུགས་ཆེན་བྱུང་། དབྱིན་ཇིའི་རྒྱལ་སྲས་ཀྱིས་དེ་ཁས་མ་བླངས་བ་གང་ཞིག་ལ། ཕྱི་ལོ་ 2022 ལོར་ཁ་མཆུ་འདི་མཇུག་བསྡུ་ཆེད་མོ་ལ་ཨ་སྒོར་ས་ཡ $16 སྤྲད། དོན་ལ་ཨ་སྒོར་ས་ཡ་ $3 ནས་ $5 བར་མ་གཏོགས་སྤྲད་མེད་པའང་བཤད།
◾ ལྔ་བ། ནག་ཉེས་དག་ཇི་ལྟར་བསྐུངས་ཟིན་པ།
ཁྲིམས་ཐོག་ནས་ནག་ཉེས་དེ་དག་ལོ་ངོ་ 20 ཡས་མས་རིང་ཇི་ལྟར་བསྐུངས་ཟིན་པ་ཡིན་ནམ་ཞེས་ན། ཡོངས་སུ་ཁྱབ་པའི་ལྟ་ཚུལ་དང་། གནོད་འཚེ་འཕོག་མཁན་ཡིན་ཟེར་མཁན་ཚོའི་སྐད་ཆ་ལྟར་ན། ཨེབ་སི་ཀྲེན་གྱི་རྒྱབ་འཁེན་ས་དག་ནི་རི་བོ་ལྟ་བུའི་མི་ཆེན་འབའ་ཞིག་ཡིན་པ་དང་། ཁོ་དང་ཁོའི་ཚོང་གྲོགས་ཚོས་ལོངས་སུ་སྤྱད་ཟིན་པའི་བུ་མོ་ལོ་ཆུང་ཚོ་དང་། དེ་དག་གི་ཕ་མ་ཚོ་ནི་སུ་ཞིག་གི་མིག་ལའང་མི་ཐོགས་པའི་སྤྱིར་བཏང་གི་མི་ཕལ་བ་རྐྱང་བ་ཡིན་པ་ཙམ་གྱིས་ཀྱང་མ་ཡིན་པར། ཁོས་གཞན་དག་ལ་བུ་མོ་ཚོ་བཙོང་རྗེས་དེ་དག་གིས་བུ་མོ་ཚོར་འཁྲིག་པ་སྤྱོད་བཞིན་པ་ཁོས་ལྐོག་ནས་བརྙན་པར་དུ་འཕབ་ཅིང་། བརྙན་པར་དེ་དག་བེད་སྤྱོད་ཀྱིས་ཕྱིར་གནོན་ཤུགས་སྤྲོད་ཀྱི་ཡོད་པས། མཐར་རྗར་ཧྥེ་ཨེབ་སི་ཀྲན་ནི་སུས་ཀྱང་ལག་པ་འཆང་མི་ཐུབ་ཅིང་། ལག་པ་འཆང་ཚེ་རང་གཞན་གཉིས་མེད་བཟོ་བྱེད་ཀྱི་འགད་རྫས་ལྟ་བུ་ཞིག་ཏུ་གྱུར་སོང་བས་ཡིན་པ་བཤད།
རྒྱུ་མཚན་དེ་གཅིག་པོ་མ་ཡིན་པར། ཨེབ་སི་ཀྲེན་དང་ཁོའི་ཚོང་གྲོགས་ཚོའི་བྱ་སྤྱོད་འདི་དག་ནི། མཐོ་རིམ་གྱི་རྒྱས་སྤྲོ་ཁང་སོགས་སུ་རྩོམ་བཞིན་པས། སྤྱིར་བཏང་གི་མི་ཞིག་གི་མཐོང་ཐོས་དྲན་རེག་ལས་འདས། ཧྥ་རན་སིའི་རྒྱལ་ས་ཕེ་རི་སི། ཨ་རིའི་ནེའུ་ཡོག་གྲོང་ཁྱེར། ནེའུ་མེག་སེ་ཀོ ཧྥི་ལོ་ར་སྒྲ་མངའ་སྡེ་སོགས་སུ། ཁོ་ལ་སྒེར་གྱི་རྒྱས་སྤྲོད་ཁང་མང་པོ་ཡོད་པ་དང་། མཐའ་ན་ཕྱི་ལོ་ 1998 ལོར་ཁོས་ཨ་སྒོར་ས་ཡ་ $7.95 སྤྲད་ནས་མཚོ་གླིང་ཆུང་ངུ་མིང་ལ་(Little Saint James)ཞིག་ཀྱང་ཉོས། དེའི་ཉེ་འཁོར་གྱི་མཚོ་གླིང་གཞན་ཞིག་རྗེས་སུ་ཉོས་ཤིང་། གླིང་ཕྲན་འདིའི་སྟེང་དུ་རྒྱས་སྤྲོ་ཁང་ཞིག་ཡོད་ཅིང་། ད་དུང་ས་འོག་ཏུའང་ཁང་པ་འདྲ་མིན་ཡོད་པ་བཤད། གླིང་ཕྲན་འདི་ཨ་རིའི་སྐམ་ས་དང་ཐག་རིང་བས་འདིའི་སྟེང་དུ་ཅི་ཞིག་འབྱུང་བཞིན་པ་གཞན་སུས་ཀྱང་མི་ཤེས།
གླིང་ཕྲན་དང་རྒྱས་སྤྲོ་ཁང་དེ་དག་ནི་ནག་ཉེས་སྐུང་ས་ཡག་ཤོས་སམ།
རང་གི་བཅོས་མིན་འདོད་སྲེད་ཕྱིར་འདོན་ས་ཡག་ཤོས་དེ་གྱུར། མི་ཚོས་རང་རང་གི་གནམ་གྲུ་དང་། གྲུ་གཟིངས་བརྒྱུད་ཨ་རིའི་སྐམ་ས་དང་། ཡུ་རོབ་སོགས་ནས་འདིར་འཛོམས་ཚེ། དེ་ནི་ཕལ་བའི་མིག་སྒོ་ནས་བུད་ཟིན་པ་ཞིག་ཡིན། དབྱིན་ཇིའི་རྒྱལ་སྲས་ཨན་སྒྲི་རུ་མཚོ་གླིང་འདིའི་སྟེང་ཕྱིན་ཟིན་པ་ཁོ་རང་གིས་བཤད། སྒྲོ་ནལ་ཁྲི་རམ་ཕུས། ཁོ་ཨེབ་སི་ཀྲེན་གྱི་མཚོ་གླིང་སྟེང་ནམ་ཡང་འགྲོ་མྱོང་མེད་ཅེས་བཤད། ཡིན་ན་ཡང་། གླིང་ཕྲན་འདིའི་སྟེང་འགྲོ་མཁན་ཚང་མ་ནག་ཉེས་འདིའི་ཁྲོད་ཚུད་ཡོད་པའི་ངེས་པ་མེད་པ་བཞིན། གླིང་ཕྲན་འདིའི་སྟེང་མ་སོང་བ་ཙམ་གྱིས་ནག་ཉེས་འདིའི་ཁྲོད་ཚུད་མེད་པའི་ངེས་པའང་དེ་བས་མེད། དེའི་རྒྱུ་མཚན་ནི་ཁོ་ལ་ཡོད་པའི་རྒྱས་སྤྲོ་ཁང་ནི་འདི་ཙམ་ཞིག་མ་རེད།
རྗར་ཧྥེ་ཨེབ་སི་ཀྲན་དང་འབྲེལ་བ་ཡོད་པའི་མི་ཆེན་ཧ་ཅང་མང་བ་དང་།ཁོ་དང་འབྲེལ་བ་ཡོད་པའི་མི་ཚོའི་མིང་ཐོ་རེད་ཅེས་པའི་དེབ་ཆུང་ཞིག་ཀྱང་ཕྱིར་ཐོན་ཟིན། དེའི་ནང་དུ་མི་གྲངས་ 1,000 ལས་བརྒལ་བའི་མིང་ཐོ་བཀོད། གསལ་བོར་བཟོ་དགོས་པ་ཞིག་ལ་མི་དེ་དག་ཚང་མ་ནག་ཉེས་འདིའི་ཁྲོད་ཚུད་ཡོད་ཅེས་སུས་ཀྱང་ཤོད་ཀྱི་མེད་ལ། ཁ་ཤས་ནི་དོན་དངོས་སུ་འབྲེལ་བའི་ངོ་བོ་ཚོང་དང་། སྲིད་དོན་སོགས་གཞན་ཞིག་ཡིན་ཆོག་པ་དང་། དེ་བཞིན་གོང་དུ་མིང་དངོས་སུ་བཀོད་ཟིན་པའི་དབྱིན་ཇིའི་རྒྱལ་སྲས་སོགས་ཀྱིས་ཀྱང་། རང་གིས་ནག་ཉེས་བསགས་ཟིན་པ་ཁྲིམས་ཐོག་ནས་ཁས་བླངས་མེད་པ་ལྟར་རེད། དེར་བརྟེན་ཁོས་བུ་མོ་ཚོ་འཚོང་སའི་མི་དག་གི་མིང་ཐོ་ལྟ་བུ་ཞིག་ཡོད་པ་དང་། མིང་ཐོ་དེ་ད་ལྟའི་ཨ་རིའི་གཞུང་གི་ལག་ཏུ་ཡོད་པའི་དོགས་པ་འདི་བྱུང་བ་རེད།
◾དྲུག་པ། ནག་ཉེས་འདི་ལ་གསོན་ཤུགས་གསར་བ་རྒྱས་དོན།
ད་ལྟ་ཅིའི་ཕྱིར་གྱོད་དོན་འདིའི་སྐོར་གླེང་བཞིན་པ་ཡིན་ནམ་ཞེས་ན། དེ་ནི་སྔར་རྗར་ཧྥེ་ཨབ་སི་ཀྲེན་གྱི་གྲོགས་པོ་དང་། ད་ལྟ་ཨ་རིའི་སྲིད་འཛིན་ཡིན་པའི་སྒྲོ་ནལ་ཁྲི་རམ་ཕུའི་མིང་དེའི་ཁྲོད་ཚུད་ཡོད་པས་རེད། གཞན་ཡང་ཆབ་སྲིད་དང་ཀུན་སྤྱོད་སོགས་འདྲ་མིན་ཞིག་འདུས་ཡོད་ཀྱང་། མེ་ཤུགས་ཆེ་རུ་གཏོང་བྱེད་གཙོ་བོ་དེ་ནི་སྒྲོ་ནལ་ཁྲི་རམ་ཕུ་སྲིད་སྟེགས་སུ་ཐོག་མར་འཛེགས་སྟངས་དང་ཐད་ཀར་འབྲེལ་བ་ཡོད། སྒྲོ་ནལ་ཁྲི་རམ་ཕུ་ཕྱི་ལོ་ 2016 ལོར་སྲིད་འཛིན་འོས་བསྡུའི་ཁྲོད་ཞུགས། དེའི་སྔོན་དུ་ཁོས་གྲོང་ཁྱེར་དང་མངའ་སྡེ་སྤྱི་ཁྱབ། གྲོས་ཚོགས་འཐུས་མི་སོགས་གང་ཡང་བྱས་མེད་པས། ཁོ་གློ་བུར་དུ་ཆབ་སྲིད་ཀྱི་རྩེ་མོར་འཛེགས་སྟངས་དེ་ནི། ཆབ་སྲིད་པ་གཞན་དང་རྦད་དེ་མི་འདྲ་ལ། མཐའ་ན་ཁོའི་ཁྱིམ་བརྒྱུད་དུ་སྔར་ཆབ་སྲིད་པ་ཆེན་པོ་ཞིག་ཀྱང་བྱུང་མེད།
ཡིན་ན་ཡང་། ཁོ་ནི་ནེའུ་ཡོག་གྲོང་ཁྱེར་གྱི་ཚོང་པ་ཞིག་དང་གློག་བརྙན་ནང་ཡང་ཡང་(ཁོས་ཁྲབ་སྟོན་འདྲ་མིན་ཡང་བྱས་མྱོང་།)ཐོན་ཅིང་།གསར་ཤོག་དག་གི་མདུན་ངོས་སུ་སླེབས་བཞིན་པའི་མི་ཞིག་དང་། འབྱོར ་བ་ནི་མཐར་ཐུག་སྒྲུབ་བྱར་གྱུར་བའི་ནུབ་ཕྱོགས་སྤྱི་ཚོགས་སུ། ཁོ་ནི་ན་གཞོན་ཚོའི་དམིགས་དཔེ་ལྟ་བུ་ཞིག་གམ། མི་མང་པོས་དགའ་མོས་དང་ཡིད་སྨོན་བྱེད་སའི་འབྱོར་ལྡན་དང་། འཚོ་བ་སྐྱིད་པོ་རོལ་མཁན་ཞིག་ལ་ངོས་འཛིན། ཕྱི་ལོ་ 2016 ལོར་ཁོ་ཆབ་སྲིད་ཁྲོད་འཛུལ་བ་དེ་ནི་གློ་བུར་བ་ཞིག་ཡིན་པ་ལ། མི་མང་པོ་ཁོ་ལ་དགའ་བའི་རྒྱུ་མཚན་གྱིས་ཁོ་ཆབ་སྲིད་ཁྲོད་འཛུལ་ན་ཞེས་སྔར་ནས་མང་པོས་བསམ་ཡོད། ཡིན་ན་ཡང་། ཁོ་གློ་བུར་དུ་ཆབ་སྲིད་ཁྲོད་འཛུལ་བ་དེས། སྔར་ནས་དབང་ཆའི་ལྟེ་བར་གཞི་བརྟན་པོར་ཚུགས་ཟིན་པའི་ཆབ་སྲིད་པ་རྙིང་པ་ཚོ་དང་། ཁྱིམ་བརྒྱུད་ཆེན་མོ་ཚོའི་དགྲར་ལངས་འགྲོ་བོ་ནི་ཆོས་ཉིད་དུ་གྱུར།
ཆབ་སྲིད་ཁྲོད་གློ་བུར་འཛུལ་བ་འདིས་ཁ་གཏད་སྟོབས་ཤུགས་ཅན་མང་པོ་གསོག་རྒྱུ་ཡིན་པ་ཁོས་ཤེས་ཡོད་པས། ཁོ་གློ་བུར་དུ་འོག་ནས་རྩེ་ལ་འཛེགས་དགོས་ཚེ་ཐབས་ལམ་གཅིག་ལས་མེད་ཅིང་། དེ་ནི་དམངས་ཀྱི་རྒྱབ་སྐྱོར་ཐོབ་ཐབས་བྱ་རྒྱུ་དེ་ཁོ་ན་རེད། དེར་བརྟེན་ཁོས་རང་ཉིད་ནི་རུལ་སོང་དུ་གྱུར་ཟིན་པའི་སྔར་གྱི་སྟོབས་ཤུགས་རྙིང་པ་དང་། ཁྱིམ་བརྒྱུད་ཆེན་མོ་དག་གི་དབང་ཆའི་རྒྱུན་གཅོད་མཁན་གྱི་མི་གསར་བ་ཞིག་དང་། དབང་ཆ་དེ་མི་ཆེན་པོ་དང་ཁྱིམ་ཚང་ཆེན་པོ་དག་གི་ལག་ནས་ཕྱིར་ཨ་རིའི་མི་དམངས་གི་ལག་ཏུ་འཇོག་མཁན་ཞིག་དང་། རང་ཉིད་ནི་མི་དམངས་ཀྱི་མགྲིན་པ་དང་ལག་པའི་ཚབ་ཡིན་པའི་ངོས་ནས་ལངས། དེར་བརྟེན་རྒྱབ་སྐྱོར་བ་ཚོས་ཁོ་ནི་སྔར་གྱི་སྟོབས་ཤུགས་རྙིང་པར་ཁ་གཏད་གཅོག་(Anti-establishment)མཁན་ཞིག་ཡིན་པར་ངོས་འཛིན།
ད་དུང་ཁོ་ལྟར་ན་གསར་ཁང་ཕལ་ཆེ་བ་ནི། སྔར་གྱི་སྟོབས་ཤུགས་རྙིང་པ་དག་སྲུང་སྐྱོབ་བྱེད་མཁན་ཙམ་ཡིན་པ་བཤད་ཅིང་། ཁོས་སྲོལ་རྒྱུན་གྱི་གསར་ཁང་ཆེ་ཤོས་དག་ལ། གསར་འགྱུར་རྫུན་མ་(Fake news)ཞེས་མིང་བཏགས་ཤིང་། མིང་དེ་ཐེངས་བརྒྱ་སྟོང་ལ་བཟློས་མཐར་ད་ལྟ་རྒྱལ་སྤྱིའི་ཆབ་སྲིད་ཁྲོད་ཀྱི་ཐ་སྙད་ཅིག་ཏུ་གྱུར། གསར་ཁང་དེ་དག་གི་ཁ་གཏད་དུ་ཁོ་རང་གིས་ཀྲི་ཝེ་ཀྲར་(Twitter)བེད་སྤྱོད་བྱས་ཤིང་། དེ་ནི་རང་གི་ཞེ་འདོད་དག་གཡའ་དང་དྲི་མ་འདྲེས་བར་ཐད་ཀར་རྒྱབ་སྐྱོར་བ་ཚོར་བརྡ་སྐྱེལ་ས་དེ་ཡིན་པ་དང་། དོན་དངོས་མཐོང་བྱེད་ཀྱི་མེ་ལོང་ལྟ་བུ་ཞིག་ཏུ་བསྒྲགས། སྣང་ཚུལ་འདིས་ད་ལྟ་སྲོལ་རྒྱུན་གྱི་གསར་ཁང་དག་ལས་སྤྱི་ཚོགས་དྲྭ་རྒྱ་ནས་གསར་འགྱུར་ལྟ་མཁན་མང་བ་འབྱུང་བཞིན་པའི་རླབས་རྒྱུན་འདི་བསྐྲུན། (འདིའི་ཐད་ཉེ་དུས་ཞིབ་འཇུག་སྙན་ཐོ་བཏོན་ཟིན།)
དེ་བཞིན་ཁོས་གཏམ་བཤད་ཀྱི་སྐབས་སུ་དང་། དྲྭ་ལམ་བརྒྱུད་སྐད་ཆ་བཤད་དུས་ཚང་མས་གོ་ཐུབ་པའི་ཧ་ཅང་ཕལ་ཚིག་དང་། ཚིག་གྲུབ་ཐུང་ལ་ནུས་པ་ཆེ་བ་མང་པོ་སྤྱད་པས་སྔར་གྱི་ཆབ་སྲིད་པ་ཚོའི་ཤོད་སྟངས་ཀྱི་རྒྱ་ལས་བརྒལ། དུས་ཡུན་ཐུང་ངུའི་ནང་ཁོའི་སྐད་ཆ་ཤོད་སྟངས་དེས།
ཆབ་སྲིད་ཀྱི་མཁའ་དབུགས་གསར་བ་ཞིག་བསྐྲུན་ཅིང་། ཁོས་ཅི་ཞིག་ཤོད་ཀྱིན་པ་མི་ཕལ་ཆེ་བས་ལས་སླ་བོར་གོ་ཐུབ་པས། རང་ཉིད་དང་སྲིད་འཛིན་གཉིས་ནི། སྲང་ལམ་གཅིག་གི་མི་ལྟ་བུ་ཡིན་པའི་སྣང་བ་ཤར་དུ་བཅུག་པས། སྔར་སྲིད་དོན་ལ་དོ་སྣང་མེད་མཁན་ཞིག་ནའང་། རང་རང་ལའང་སྲིད་དོན་གྱི་ལྟ་ཚུལ་ཧ་ཅང་རྣོ་ངར་ཅན་རེ་ཡོད་པ་བཟོས། ཁོའི་བྱེད་སྟངས་འདི་ད་ལྟ་བར་རྒྱུན་བསྐྱངས་ཡོད་ཅེས་བཤད་ཆོག་ལ། ཆབ་སྲིད་ཁྲོད་ཐབས་ལམ་འདིའི་རིགས་ལ་(Populism)ཞེས་འབོད།
སྒྲོ་ནལ་ཁྲི་རམ་ཕུ་སྲིད་འཛིན་འོས་མིར་ལངས་མ་ཐག་ཨ་རིའི་ཆབ་སྲིད་ཁྲོད། ཆེས་ཤུགས་རྐྱེན་ཆེ་བའི་ཁྱིམ་ཚང་ཆེན་མོ་གཉིས་དང་ཐད་ཀར་གདོང་ཐུག་བརྒྱབས། དེ་ནི་ཁི་ལེན་ཀྲོན་ཁྱིམ་ཚང་དང་བྷུ་ཤི་ཁྱིམ་ཚང་གཉིས་རེད། ཧྥི་ལོ་ར་སྒྲ་མངའ་སྡེའི་སྤྱི་ཁྱབ་ཟུར་བ་དང་སྲིད་འཛིན་ཟུར་བ་བྷུ་ཤུ་ཡི་སྤུན་ཆུང་བ། རྗེབ་བྷུ་ཤུ་(Jeb Bush)སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མའི་འགྲན་བསྡུར་སྐབས། སྒྲོ་ནལ་ཁྲི་རམ་ཕུས་ཡོངས་སུ་ཕམ་པས་བྷུ་ཤུ་ཁྱིམ་ཚང་གི་ཆབ་སྲིད་ཤུགས་རྐྱེན་ལ་ཉམ་རྒུད་ཆེན་པོ་ཐེབས། དེ་བཞིན་ཁི་ལེན་ཀྲོན་གྱི་བཟའ་ཟླ་ལྕམ་ཁི་ལེན་ཀྲོན་དང་སྒྲོ་ནལ་ཁྲི་རམ་ཕུ་གཉིས་མཐའ་མའི་དངོས་གཞིའི་སྐབས་སུ་ཐུག་ཟིན་པ་དེ་རེད། ཡིན་ན་ཡང་། ཁི་ལེན་ཀྲོན་ཁྱིམ་ཚང་ཕམ་རྒྱུའི་ལས་འགུལ་དེ་ཁོ་སྲིད་འཛིན་འོས་མིར་མ་ལངས་པའི་ཟླ་བའི་འགའི་སྔོན་དུ་འགོ་བཙུགས་ཟིན།
ཕྱི་ལོ་ 2015 ཟླ་ 2 ནང་ཁོས། ཁི་ལིན་ཀྲོན་ནི་མི་ཡག་པོ་ཞིག་རེད། ཡིན་ན་ཡང་། ངའི་བསམ་ཚུལ་ལྟར་ན་ཁོ་རྗར་ཨེབ་སི་ཀྲེན་གྱི་གླིང་ཕྲན་སྟེང་ཕྱིན་པ་དང་འབྲེལ། དཀའ་རྙོག་མང་པོ་འབྱུང་བཞིན་འདུག་ཅེས། ཁོས་ཐོག་མར་སྲིད་འཛིན་ཟུར་བ་ཁི་ལེན་ཀྲོན་གྱི་སྟེང་ཚིག་ཟུར་ཆེན་པོ་ཞིག་འཕངས། དེ་ནི་ཁི་ལིན་ཀྲོན་ཁྱིམ་ཚང་དང་ལྷག་པར་སྔར་གྱི་སྟོབས་ཤུགས་རྙིང་པ་དག་གི་སྟེང་རྒོལ་རྒྱུའི་རྟགས་དང་པོ་དེ་རེད། ཕྱི་ལོ་ 2016 ལོའི་འོས་བསྡུའི་སྐབས་སུ། ཁོས་གཙོ་བོ་ཁི་ལིན་ཀྲོན་དང་ཨེབ་སི་ཀྲེན་གྱི་སྐོར་ཐེངས་འགར་གླེང་། ཕྱི་ལོ་ 2019 ལོའི་འོས་བསྡུའི་སྐབས། ཁོས་གཙོ་བོ་ཁོ་དང་ཨེབ་སི་ཀྲེན་བར་འབྲེལ་བ་མེད་པ་གཙོ་འདོན་བྱས་ཤིང་། ཕམ་མཚོ་འགྲམ་(Palm beach)དུ་སྡོད་མཁན་གཞན་དག་ལྟར་ངས་ཀྱང་ཁོ་ངོ་ཤེས། ཡིན་ན་ཡང་། ངས་བསམས་ན་ང་གཉིས་ཀྱིས་སྐད་ཆ་མ་བཤད་པར་ལོ་ 15 ཕྱིན་འདུག ང་ནི་ཁོ་ལ་དགའ་མཁན་ཞིག་མིན་ཞེས་སོགས་བཤད།
ཕྱི་ལོ་ 2024 ལོའི་འོས་བསྡུའི་སྐབས་ཁོས་ང་ལ་རྒྱལ་ཁ་ཐོབ་ཚེ། ཨེབ་སི་ཀྲེན་དང་འབྲེལ་བའི་ནག་ཉེས་ཞིབ་བཤེར་གྱི་ཡིག་ཆ་ཕྱིར་བསྟན་རྒྱུ་ཡིན།
དེ་སྟོན་རྒྱུར་ང་ལ་དཀའ་ངལ་ཞིག་མ་རེད་ཅེས། ཡིག་ཆ་དེ་ཕྱིར་བསྟན་རྒྱུར་ཐེངས་གཉིས་ལ་ཁས་བླངས། དེ་དང་ལྷན་སྒྲོ་ནལ་ཁྲི་རམ་ཕུའི་རྒྱབ་སྐྱོར་བ་གཙོ་བོ་དག་གིས། ཨེབ་སི་ཀྲེན་གྱི་ཡིག་ཆ་བསྐུངས་པ་དེ་ནི་དོན་ལ་མཐོ་རིམ་ཆབ་སྲིད་པ་ཚོ་དང་། འབྱོར་ལྡན་ཚོའི་ནག་ཉེས་བསྐུངས་པ་ཞིག་ཡིན་པ་དང་། ཡིག་ཆ་དེ་ཕྱིར་འདོན་རྒྱུ་ནི་ཨ་རིའི་གཞུང་དང་།
དཔལ་འབྱོར། རིག་གཞུང་དབང་སྒྱུར་མཁན་རྒྱབ་ཀྱི་སྟོབས་ཤུགས་དར་ཐག་(Deep State)དེ་གཅོད་རྒྱུ་དང་འབྲེལ་བ་ཡོད་པ་ཤོད་ཀྱི་ཡོད་པས། རྒྱབ་སྐྱོར་བ་མང་པོར་ཡིག་ཆ་འདི་ནི་ངེས་པར་དུ་ཕྱིར་སྟོན་དགོས་པ་ཞིག་ཡིན་པའི་འདུན་པ་དྲག་པོ་སྐྱེས་སུ་བཅུག དེ་ལྟར་ན་ཡིག་ཆ་འདི་ཆབ་སྲིད་ཁྲོད་དྲུད་ནས་ཡོང་མཁན་ཐོག་མ། སྒྲོ་ནལ་ཁྲི་རམ་ཕུ་རང་ཉིད་ཡིན་པ་ལ་དེའི་མཇུག་དེ་ཁོའི་རྒྱབ་སྐྱོར་བ་ཚོས་བསྐྱངས།
ཡིན་ན་ཡང་། ད་ལོར་ཁོ་སྲིད་སྟེགས་སུ་བུད་རྗེས་ཡིག་ཆ་དེ་ཕྱིར་འདོན་དགོས་པའི་རེ་སྐུལ་ཆུང་ངུ་རེ་འབྱུང་བཞིན་ནའང་སྤྱིའི་ཆ་ནས་གྲགས་འགུལ་ཆེན་པོ་མེད་པར་གྱུར། སྒྲོ་ནལ་ཁྲི་རམ་ཕུ་དང་ཨེ་ལོན་མ་སི་ཁིའི་བར་འགལ་ཟླ་བྱུང་རྗེས་ཏེ། ད་ལོའི་ཕྱི་ཟླ་ 6 ཚེས་ 5 ཉིན་ཨེ་ལོན་མ་སི་ཁིས། ད་ནི་འགད་རྫས་ཆེན་པོ་ཞིག་གཡུག་རྒྱུའི་དུས་ལ་བབས་འདུག ནག་ཅན་ཨེབ་སི་ཀྲེན་དང་འབྲེལ་བའི་མིང་ཐོ་ཕྱིར་མ་བཀྲམས་དོན་ནི། མིང་ཐོ་དེའི་ཁྲོད་སྒྲོ་ནལ་ཁྲི་རམ་ཕུ་རང་ཉིད་ཚུད་ཡོད་པས་རེད་ཅེས་བྲིས། ཡི་གེ་དེ་རྗེས་སུ་ཁོས་བསུབས་ཟིན་ནའང་དེ་ནི་དོན་དངོས་སུ་འགད་རྫས་ཆེན་པོ་ཞིག་ཏུ་གྱུར། སྐད་ཆ་འདིས་མང་གཙོ་ཚོགས་པ་ལས་སྒྲོ་ནལ་ཁྲི་རམ་ཕུ་རང་གི་རྒྱབ་སྐྱོར་བ་ཚོ་སླར་ཡང་གཉིད་སད་དུ་བཅུག་ཅིང་། ཡིག་ཆ་དེ་ངེས་པར་དུ་ཕྱིར་འདོན་རྒྱུའི་དགོས་འདུན་བཏོན།
སྒྲོ་ནལ་ཁྲི་རམ་ཕུས་དེའི་ལན་དུ། ཨེབ་སི་ཀྲེན་ནི་ཤི་ཟིན་པ་ཞིག་ཡིན་པས་དེའི་སྐོར་གླེང་བ་ནི་ཉོབས་བྱེད་ཅིག་རེད་ཅེས། གནས་ཚུལ་དེ་ཆེན་པོ་ཞིག་མིན་པའི་རྣམ་པ་བསྟན། ཡིན་ན་ཡང་། སྐད་ཆ་དེས་མང་གཙོ་ཚོགས་པ་ལས་ཁོའི་རྒྱབ་སྐྱོར་བ་ཚོ་ངར་ཤུགས་ཆེ་རུ་བཏང་ཞིང་། ལྷག་པར་སི་ཀྲེ་ཝི་བྷན་ནོན་དང་། ཀྲོ་ཀར་ཁར་སོན་སོགས་ངོ་གདོང་ཙམ་གྱིས་སྒྲོ་ནལ་ཁྲི་རམ་ཕུའི་རྒྱབ་སྐྱོར་བ་ཡིན་ཟེར་མཁན་ཚོའི་སྐད་མགོ་མཐོ་རུ་ཕྱིན། སྒྲོ་ནལ་ཁྲི་རམ་ཕུས། ཨ་རི་དང་པོ་འཇོག་མཁན་(MAGA)ཚོས་སྙིང་པོ་མེད་པ་ཞིག་ལ་འཇུས་ཤིང་། མང་གཙོ་ཚོགས་པའི་གཡོ་འོག་ཏུ་ཚུལ་བཞིན་འདུག་ཅེས་བཤད། ཡིན་ན་ཡང་། དེ་ཙམ་གྱིས་ཀྱང་གོང་གི་མི་འདི་དག་འགོག་མ་ཐུབ་པས། མཐར་ཨ་རིའི་དབུས་ཁྲིམས་ཞིབ་དང་ཁྲིམས་ལུགས་ལག་བསྟར་ལྷན་ཁང་(DOJ)གིས། ནག་ཅན་ཨེབ་སི་ཀྲེན་གྱི་གསང་བའི་ཡིག་ཆའི་ནང་དུ། ཁོ་དང་འབྲེལ་བ་ཡོད་པའི་མི་དག་གི་མིང་ཐོ་ཞིག་མི་འདུག་ཅེས་བསྒྲགས།
སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་མུ་མཐུད་དུ་སྒྲོ་ནལ་ཁྲི་རམ་ཕུ་ལ་རྒྱབ་སྐྱོར་བྱས། སྔ་ཕྱིའི་གནས་སྟངས་འདིས་ཁོའི་རྒྱབ་སྐྱོར་བ་ཡིན་མཁན་ཚོ་ཡིད་འཚིམ་རྒྱུའི་ཚབ་ཏུ་བློ་ཕམ་དུ་བཅུག་ཅིང་། སི་ཀྲེ་བྷན་ནོན་གྱིས།
ཡོང་རྒྱུའི་དུས་ཚོད་དག་གི་ནང་ཨ་རིའི་གཞུང་ལ་གྱེན་ལོག་གི་ལས་འགུལ་འབྱུང་རྒྱུ་རེད་ཅེས་ཀྱང་བཤད། སྒྲོ་ནལ་ཁྲི་རམ་ཕུ་ནི་སྟོབས་ཤུགས་རྙིང་པ་དག་གི་ཁ་གནོན་ལྟ་བུ་ཞིག་ལ་མཐོང་ཡོད་པའི་ཁོའི་རྒྱབ་སྐྱོར་བ་ངོ་མ་ཚོས་ཀྱང་། ད་ལྟ་ཁོའི་བྱ་སྤྱོད་ལ་དོགས་པ་སྐྱེ་འགོ་བཙུགས་པས་སྒྲོ་ནལ་ཁྲི་རམ་ཕུས་འདི་ནི་སྣང་མེད་འཇོག་མི་ཐུབ་པ་ཤེས། དེའི་རམ་འདེགས་སུ་མང་གཙོ་ཚོགས་པའི་ཕྱོགས་ནས་གནོན་ཤུགས་ཆེ་རུ་བཏང་། མཐར་ཆབ་སྲིད་ཚོགས་པ་གཉིས་ཀྱི་འཐུས་མི་མང་པོས། ཨེབ་སི་ཀྲེན་གྱི་ཡིག་ཆ་ཚང་མ་ཕྱིར་སྟོན་མིན་ཐད་འོས་བསྡུ་བྱ་དགོས་པ་བསྒྲགས།
ཡིན་ན་ཡང་། ཁ་སང་གྲོས་ཚོགས་འོག་མའི་ཚོགས་གཙོ་མའེ་ཀི་རྗོན་སོན་གྱིས་ འོས་བསྡུ་དེ་གྲོས་ཚོགས་ཀྱི་གུང་གསེང་གི་རྗེས་སུ་མ་གཏོགས་བྱེད་མི་ཐུབ་པ་བསྒྲགས། དེ་ལྟར་ན་ད་ལོའི་ཕྱི་ཟླ་ 9 བར་འོས་བསྡུ་བྱེད་མི་ཐུབ། དེ་དང་ལྷན་ཁ་སང་གནས་ཚུལ་ཐོན་པ་ལྟར་ན། ཨེབ་སི་ཀྲེན་གྱི་དགའ་རོགས་སམ། ད་ལྟ་བཙོན་དུ་ལོ་ངོ་ 20 ཡི་ཁྲིམས་ཆད་འཁུར་ཡོད་པའི་བུད་མེད། གྷེ་སི་ལེན་(Ghislaine Maxwell)ལ་གཞུང་གི་ཞིབ་འཇུག་བྱེད་མཁན་ཚོས་འབྲེལ་བ་བྱེད་བཞིན་པ་དང་། གྲོས་ཚོགས་སུ་མོ་ལ་ཐད་ཀར་འདྲི་ཞིབ་བྱ་སྲིད་པའི་གནས་ཚུལ་ཐོན། མོའི་ཕྱོགས་ནས་ཀྱང་དྲང་པོའི་ངང་གཞུང་དང་ལྷན། མཉམ་ལས་བྱ་རྒྱུ་ཡིན་ཞེས་བརྡ་ལན་སྤྲད་ཟིན་པ། དབྱིན་ཇིའི་སྦི་སྦི་སི་གསར་ཁང་གིས་མདང་དགོང་གནས་ཚུལ་བཀོད།
སྒྲོ་ནལ་ཁྲི་རམ་ཕུ་དང་རྗར་ཧྥེ་ཨེབ་སི་ཀྲེན་གཉིས། ཕྱི་ལོ་ 1980 ཡི་ནང་གི་མཇུག་དང་། ཕྱི་ལོ་ 1990 ཡི་ནང་གི་འགོ་ནས་ངོ་ཤེས་གྱུར་ཅིང་། ཕྱི་ལོ་ 1990 ནང་ཁོ་གཉིས་ཁྲི་རམ་ཕུའི་སྒེར་གྱི་རྒྱས་སྤྲོ་ཁང་། མར་ལ་གྷོ་རུ་མཉམ་དུ་ཡོད་པའི་བརྙན་སོགས་ད་ལྟ་ཡོད། ཕྱི་ལོ་ 2002 ལོར་ཁྲི་རམ་ཕུས་ནེའུ་ཡོག་དུས་དེབ་ལ། ངས་ཁོ་འདས་པའི་ལོ་ངོ་ 15 ཡི་རིང་ངོ་ཤེས། ཁོ་ནི་མི་ཧ་ཅང་ཡག་པོ་ཞིག་རེད། ཁོའང་ང་ལྟར་བུད་མེད་དང་བུ་མོ་གཞོན་ནུ་མ་ཚོར་དགའ་ཞེས་བཤད། ཕྱི་ལོ་ 2004 ལོར་སྒྲོ་ནལ་ཁྲི་རམ་ཕུ་དང་ཨེབ་སི་ཀྲེན་གཉིས་མ་འཆམ། དེ་ནི་ས་ཁང་ཞིག་ཉོ་རྒྱུ་དང་འབྲེལ་ནས་ཡིན་པ་བཤད་ཅིང་། འགའ་ཤས་ཀྱིས་དེ་ནི་སྒྲོ་ནལ་ཁྲི་རམ་ཕུའི་རྒྱས་སྤྲོ་ཁང་མར་ལ་གྷོ་རུ། ཨེབ་སི་ཀྲེན་གྱི་བྱེད་སྟངས་ཤིག་གི་རྐྱེན་པས་ཡིན་པའང་བཤད། ཇི་ལྟར་ཡང་དུས་དེ་ནས་བཟུང་ཁྲི་རམ་ཕུས། ང་ནི་ཁོ་ལ་དགའ་མཁན་ཞིག་མིན་ཞེས་བཤད་འགོ་བཙུགས།
◼️ མཐའ་སྡོམ།
གནའ་བོའི་དུས་ནས་བཟུང་འབྱོར་ལྡན་དང་དབང་ཤུགས་ཆེན་པོ་ཅན་མང་པོར། སྤྱི་དམངས་ཕལ་བས་ཚེ་གང་ལ་མཐོང་རྒྱུ་ཕར་ཟད། སེམས་སུའང་དྲན་མི་ཤེས་པའི་ལྐོག་གྱུར་གྱི་ལོངས་སྤྱོད་འདྲ་མིན་ཡོད་པ་ནི་ལོ་རྒྱུས་ཁྲོད་རྒྱུན་བསྟར་ཡོད་པ་དང་། ཨེབ་སི་ཀྲེན་གྱི་ལས་ཀ་བཙོག་པ་འདིའང་དེའི་ཆ་ཤས་ཙམ་ཞིག་རེད། ཡིན་ན་ཡང་། གནས་ཚུལ་འདི་དག་ད་ལྟ་བྱུང་བ་ཞིག་ཡིན་པ་ལ། བྱུང་སའང་བྱང་ཀོ་རེ་ཡ་དང་། རཱ་ཤི་ཡ། རྒྱ་ནག་ལྟ་བུ་ཞིག་ཏུ་(འབྱུང་བཞིན་པ་ལྟར།)བྱུང་བ་མ་ཡིན་པར། འཛམ་གླིང་ལ་རང་དབང་དང་། ཁྲིམས་ཀྱི་དབང་སྒྱུར་གྱི་དཔེ་མཚོན་ཡིན་པར་བཤད་པའི་ཨ་རི་ནས་བྱུང་བ་ཞིག་ཡིན་པས། གཞི་ནས་གླེང་རིན་ཡོད་པ་ཞིག་ཏུ་གྱུར་བ་རེད།
ཨེབ་སི་ཀྲེན་གྱི་མཚོ་གླིང་སྟེང་གི་རྒྱས་སྤྲོ་ཁང་དག་ནི་སྔར་བཞིན། བྱིས་པ་ཚོའི་རྨི་ལམ་ནང་གི་འདྲེ་ཁང་ཞིག་ལྟར་གྲོང་ངེར་འགྱིང་ཡོད་པ་དང་།
མཚར་སྣང་ཅན་འགའ་ཤས་གྲུ་གཟིངས་བརྒྱུད། མི་ཤི་ཁྱིམ་སྟོང་དུ་གྱུར་ཟིན་པའི་ཁང་པ་ཞིག་ལ་ལྟད་མོ་ལྟ་རུ་འགྲོ་བའི་ཚོར་བ་ཞིག་གིས་བསྐྱོད་བཞིན་ཡོད། འདིར་འདོད་སྲེད་ཀྱིས་འདུས་པའི་འབྱོར་ལྡན་དང་སྟོབས་ཆེན་དེ་ཚོ་ལས་མང་པོ་ཞིག་སྔར་བཞིན་ཆེ་ས་དང་མཐོ་ས། བཙན་སར་འགྱིང་ནས་བསྡད་ཡོད་པ་མི་ཚོས་ཡིད་ཆེས་བྱེད་ཅིང་། གླིང་ཕྲན་འདིའི་སྟེང་དུ་ནད་པ་བཟོས་ཟིན་པའི་རྣམ་ཤེས་དེ་ཚོའང་སྔར་བཞིན། འདི་ཕྱི་གང་རུང་ལ་འཁྱམས་ནས་ལྷག་ཡོད་ཅེས་བཤད་ཆོག
ནག་ཅན་གཏེ་བོ་ནི་ཤི་ཟིན་པ་ཞིག་དང་ཁོ་ཇི་ལྟར་ཤི་ཟིན་ནའང་། ཁོས་བླ་དང་རྣམ་ཤེས་ནད་པ་བཟོས་ཟིན་པའི་གསོན་པོ་དང་ཤི་བོ་དག་ལ་ཁྱད་པར་གང་ཡང་བཟོ་མི་ཐུབ་ཅིང་། ད་ལྟ་རྩོད་བཞིན་པ་ནི་ཤི་ཟིན་པའི་རྗར་ཧྥེ་ཨེབ་སི་ཀྲན་གྱི་བླ་སྒུལ་རྒྱུ་དང་། རྣམ་ཤེས་ལ་འཐབ་རྩོད་གཏོང་རྒྱུ་དེ་མ་ཡིན་པ་མ་ཟད། ཁོའི་གནོད་འཚེ་འོག་ཚུད་པའི་བྱིས་པ་དེ་ཚོ་དང་། དེ་དག་གི་ཕ་མ་ཚོར་དྲང་བདེན་རྩོད་ཆེད་ཡིན་ཟེར་ནའང་སྐད་ཆ་བཤད་རྒྱུ་ཕྱིས་དྲགས་པ་ལྟ་བུ་མཐོང་། ཡིན་ན་ཡང་། སྐྱོར་གར་འདི་ད་ལྟ་ཁྱོད་ཤི་ང་གསོན་གྱི་ཆབ་སྲིད་འཐབ་རྩོད་ཁྲོད་ཀྱི་ལག་ཆར་གྱུར་ཟིན་པས། འཐབ་རྩོད་འདིའི་ཁྲོད་ནས་ཀྱང་སུ་ཞིག་ཕམ་ཞིང་སུ་ཞིག་རྒྱལ་སྲིད་ནའང་། དེའང་གནོད་འཚེ་འཕོག་ཟིན་པའི་འདས་གསོན་གྱི་བྱིས་པ་དེ་དག་ལ་ཕན་གནོད་ངོ་མ་ཞིག་ཅི་ཞིག་ཡོད་དམ།
བྱུང་བ་འདིའི་ཐད་ལྟ་ཀློག་སྐབས་གནས་ཚུལ་གཅིག་ཞོར་དུ་གསལ་བོ་གྱུར། འདི་ནི་ཨེབ་སི་ཀྲེན་ལ་གཡོ་སྒྱུ་ཆེ་བ་ཙམ་གཅིག་བུས་མ་ཡིན་པར།བྱིས་པ་འདི་དག་ལས་མང་པོ་ཞིག་ལ། གཞན་གྱི་གནོད་འཚེ་འཕོག་སླ་བའི་སེམས་ཁམས་ཀྱི་ཆ་རྐྱེན་ཞིག་རང་ངོས་ནས་འཛོམས་ཡོད་པ་དེ་རེད།བྱིས་པ་འདི་དག་ལས་མང་པོ་ཞིག་ནི་ཁྱིམ་ཚང་དུ་ནང་མིའི་བར་བཟའ་འཛིང་ཆེ་བ་དང་། ཡང་ན་རྣམ་པ་གང་རུང་གི་སྒོ་ནས་རང་ཁྱིམ་དུ་ཆགས་སྤྱོད་ཀྱི་བརྙས་བཅོས་སྔར་ནས་འཕོག་ཟིན་པ། མཐའ་ན་དྭ་ཕྲུག་བདག་མེད་ཡིན་པ། ཡང་ན་ཕ་མ་གང་རུང་ཞིག་ཡོད་ཀྱང་ཉལ་ཐ་སྤྱོད་མཁན་སོགས། ཕ་མ་མཉམ་དུ་མེད་པ་དང་ཡོད་ཀྱང་ཕ་མས་འགན་མ་འཁུར་བའི་འོག་འཚོ་ཡོད་པ་དེ་རེད།
མདོར་ན། བྱིས་པ་དེ་དག་ཇི་ལྟར་ཨེབ་སི་ཀྲེན་གྱི་གཡོ་འོག་ཏུ་ཐེབས་ཟིན་པ་ཡིན་ནམ། བསམ་མ་ཤེས་པ་དང་བྱིས་པ་ཡིན་ཙམ་གྱིས་ཡིན་ནམ་ཞེས་ན་མ་ཡིན་པར། ཕ་མའི་ཀུན་སྤྱོད་མ་དག་པ་དང་ཕ་མ་ངོ་མ་ཞིག་འགྲམ་དུ་མེད་པས། ཁོ་ཚོར་གཞི་ནས་རིན་ཐང་ཞིག་དང་བཟང་སྤྱོད་ཀྱི་ཚད་གཞི་ཞིག་སློབ་མ་ཐུབ་པ་ལས་བྱུང་ཟིན་པ་མཐོང་ཐུབ། སེམས་ཁམས་ཀྱི་རྨ་ཁ་དེ་མ་ཤི་བར་དུ་འདུག་རྒྱུ་ཙམ་ཞིག་མ་ཡིན་པར། བྱིས་པ་རང་གིས་ཀྱང་རང་ཉིད་ཇི་ལྟར་ནད་པ་གྱུར་ཟིན་པ་མི་ཤེས་པས། ང་ནི་རང་བཞིན་གྱིས་འདི་འདྲའི་རིན་ཐང་མེད་པ་ཞིག་རེད་ཅེས། སེམས་གཏིང་ནས་ཡིད་ཆེས་བྱེད་བཞིན་པ་དང་། ཡིད་ཆེས་དེ་ནི་བདུད་སྲིན་ལྟ་བུའི་སྐྱེ་བོ་ཚོས་བྲན་དུ་འཁོལ་སླ་བའི་ཆ་རྐྱེན་ངོ་མ་དེ་གྱུར།
