Homeདཔལ་འབྱོར།ཨ་རྒྱའི་དཔལ་འབྱོར་འཐབ་རྩོད།

ཨ་རྒྱའི་དཔལ་འབྱོར་འཐབ་རྩོད།

Date:

༢༠༢༥/༤/༡༥ གཟའ་མིག་དམར།
➖➖➖➖➖➖➖➖

བྷི་ལུམ་བྷར་གྷི་ཡིས་གནས་ཚུལ་བཀོད་པ་ལྟར་ན། ཨ་རིས་རྒྱ་ནག་གི་སྟེང་ཚོང་ཁྲལ་བཀལ་བའི་ལན་དུ། ད་ལྟ་རྒྱ་ནག་གཞུང་གིས་རྒྱ་ནག་གི་མཁའ་འགྲུལ་ཁེ་གཉེར་དག་ལ། ཨ་རིའི་གནམ་གྲུའི་བཟོ་གྲྭ་དང་ཁེ་གཉེར་ཆེན་པོ། བྷོ་ཨིན་(Boeing)གྱི་གནམ་གྲུ་གཅིག་ཀྱང་ཉོ་མི་ཆོག་པ་དང་། ཨ་རིའི་ཁེ་གཉེར་དག་ནས་གནམ་གྲུའི་ཆ་ཤས་དང་། ཡོ་ཆས་སོགས་མངགས་ཉོ་བྱ་རྒྱུ་ཕྱིར་འཐེན་དགོས་པའི་བཀའ་བཏང་ཟིན་པ་བཤད། འདི་དག་ནི་ཨ་རྒྱའི་ཚོང་འབྲེལ་འཐབ་རྩོད་དེ་རིམ་པ་གསར་བ་ཞིག་ལ་ཕྱོགས་བཞིན་པའི་རྟགས་ཤིག་ཏུ་བཤད།

སུད་སིའི་རྒྱལ་སྤྱིའི་མ་རྐང་དང་དངུལ་རྩའི་ཞབས་ཞུ་བསྟི་གནས་ཆེན་པོ། ཡོངས་གྲགས་སུ་ཡུ་བྷི་ཨེ་སི་(UBS)ཡིས། སྒྲོ་ནལ་ཁྲི་རམ་ཕུས་བཀལ་བའི་སྒོ་ཁྲལ་ལ་བརྟེན་ནས། ད་ལོའི་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་དེ་བརྒྱ་ཆ་ 3.4% ཙམ་(གཞུང་གི་དམིགས་ཚད་དེ་བརྒྱ་ཆ་ 5% ཡིན།)
ལས་ཟིན་རྒྱུ་མིན་པ་དང་། ཕྱི་ལོ་ 2026 ལོའི་ཡར་རྒྱས་ཚད་དེའང་བརྒྱ་ཆ་ 3% ཡིན་པ་སྔོན་དཔག་བྱེད། དེ་བཞིན་ད་ལོའི་ཨ་རིའི་དཔལ་འབྱོར་ཡར་རྒྱད་ཀྱི་ཚད་ཀྱང་བརྒྱ་ཆ་ 1.7% ལས་བརྒལ་མི་ཐུབ་པ་ཚོད་རྩིས་བྱས། ཕྱི་ལོ་ 2024 ལོའི་ཨ་རིའི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་དེ་བརྒྱ་ཆ་ 2.8% ཡིན། (སྐབས་འདིར་བརྒྱ་ཆ་ཞེས་པ་ནི་ལོ་དེའི་སྔོན་མའི་ཚད་དང་བསྡུར་ནས་རྩི་དགོས།)

🔻 ད་ལྟ་བར་གྱི་རྒྱལ་སྤྱིའི་དངུལ་ཁང་དག་གི་ཚོད་རྩིས་ལ་དཔག་ན། ཕྱི་ལོ་ 2026 དང་ཕྱི་ལོ་ 2027 ལ་འཛམ་གླིང་གི་དཔལ་འབྱོར་ལ་དགུན་དུས་ཤིག་འཆར་རྒྱུའི་རྣམ་པ་འདུག་ལ། རྒྱལ་སྤྱིའི་ཚོང་འབྲེལ་གྱི་རྣམ་པ་གསར་བ་ཞིག་ཡོངས་སུ་མ་གྲུབ་བར་དུ། གོ་རིམ་དེའི་ཁྲོད་རྙོག་ཟིང་འདྲ་མིན་འབྱུང་སྲིད་པ་ཞིག་རེད། དེ་རིང་རྒྱ་ནག་ནོར་སྲིད་ལྷན་ཁང་གི་བློན་ཆེན་གཞོན་པས། གལ་སྲིད་ཨ་རིས་རྒྱ་ནག་ལ་གུས་ཞབས་ཀྱི་རྣམ་འགྱུར་བསྟན་ཚེ། གཞི་ནས་རྒྱ་ནག་གི་ངོས་ནས་ཨ་རི་ལྷན་སྐད་ཆ་བཤད་ཆོག་པ་བཤད།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཞེ་ཅེན་ཕིན་ནི་ཁོས་གུས་བརྩི་བྱ་ཡུལ་ཞིག་ཡིན་པ་ལ། འཛམ་གླིང་གི་མི་རྣམ་དཔྱོད་ཆེ་ཤོས་ཀྱི་གྲས་ཤིག་དང་། རང་གི་རྒྱལ་ཁབ་ལ་ཤ་ཚ་མཁན་ཞིག་ཡིན་པས། མགྱོགས་པོར་ཁོས་ང་ལ་ཚུར་ཁ་པར་གཏོང་ངེས་ཡིན་པ་དང་། སྐབས་དེར་ངེད་གཉིས་ཀྱིས་དཀའ་ངལ་འདི་ཐག་གཅོད་ཡག་པོ་ཞིག་བརྒྱུད་སེལ་ངེས་ཡིན་ཞེས་བཤད། ཡིན་ན་ཡང་། རྒྱ་ནག་གི་ཆེས་མཐོའི་ལས་བྱེད་ཚོར་འབྲེལ་ཐག་ཉེ་བའི་དབྱེ་ཞིབ་པ་སོགས་ཀྱིས། རྒྱ་ནག་གི་ངོས་ནས་ཕྱིར་ནུར་རྒྱག་རྒྱུའི་འཆར་གཞི་མེད་པའི་སྟེང་། གནས་སྟངས་འདིར་རྒྱ་ནག་རང་གི་ངོས་ནས་ཀྱང་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་པ་བཤད།

ཝོལ་ སི་ཀྲི་རི་ཀྲི་གསར་དེབ་སྟེང་དཔྱད་རྩོམ་ཞིག་བྲིས་པའི་སྙིང་པོར། ཨ་རྒྱ་གཉིས་ཀྱིས་ཕན་ཚུན་གྱི་སྟེང་། སྒོ་ཁྲལ་བརྒྱ་ཆ་ 145% དང་བརྒྱ་ཆ་ 125% བཀལ་ཟིན་པས། ཕན་ཚུན་བར་གྱི་ཚོང་འབྲེལ་ཡོངས་སུ་གཅོད་རྒྱུའི་མཚམས་སུ་བསྐྱལ་ཟིན་པ་ལ། ད་ལྟ་ཕྱོགས་གཉིས་ཀས་ཕྱིར་ནུར་རྒྱག་མི་ཤེས་པ་ཞིག་ཏུ་འགྱུར་བཞིན་པ་འདིས། དོན་ལ་རིམ་གྱིས་ཕྱིར་ནུར་རྒྱག་ས་མེད་པ་བཟོ་བཞིན་པ་བཤད། རྒྱ་ནག་གི་ངོས་ནས་དུས་ཡུན་རིང་བའི་ཚོང་འབྲེལ་འཐབ་རྩོད་ཅིག་ལ་གྲ་སྒྲིག་བྱས་ཟིན་པ་ལ། ཨ་རིའི་ངོས་ནས་རིམ་གྱིས། རྒྱ་ནག་ཟུར་དུ་ཕུད་པའི་རྒྱལ་སྤྱིའི་དཔལ་འབྱོར་ཤོག་ཁག་གསར་བ་ཞིག་བཟོ་འདོད་ཡོད་པ་དང་། འདི་དག་གི་རྐྱེན་པས་མཐར་དྲག་པོའི་གདོང་ཐུག་རྒྱག་རྒྱུའི་སྣ་འདྲེན་སྲིད་པ་བཤད།

ཡང་དབྱེ་ཞིབ་པ་འགའ་ཤས་ཀྱིས། རྒྱ་ནག་གིས་ད་ལྟ་བར་ཐེ་ཝན་ལ་བཙན་འཛུལ་བྱེད་མ་ཐུབ་པའི་རྒྱུ་མཚན་གཙོ་བོ་ཞིག་ནི། རྒྱ་ནག་དང་ཨ་རི་བར་གྱི་ཚོང་འབྲེལ་ཆད་འགྲོ་བར་འཇིགས་ནས་ཡིན་པ་དང་། འདི་ནི་རྒྱ་ནག་གི་འཆར་སྣང་ཁྲོད་ཀྱི་སྐྲག་སྣང་ཆེན་པོ་ཞིག་ཡིན་པ་ལ། རྒྱ་ནག་གིས་རང་གི་སེམས་ཁམས་ཀྱི་འཇིགས་སྣང་འདི་མེད་པ་བཟོ་ཕྱིར། ཏོག་དབྱིབས་ནད་ཚའི་སྐབས་སུ་རྒྱལ་ཡོངས་སུ་དྲག་སྡོམ་དང་། ཧྲང་ཧེའི་ཁྲོམ་ར་སྒོ་བརྒྱབས་པ་སོགས། ཨ་རི་དང་ཚོང་འབྲེལ་ཡོངས་སུ་ཆད་སྲིད་པའི་གནས་སྟངས་ཤིག་ལ། གདོང་གཏོད་ཆེད་སྦྱོང་བརྡར་བྱས་ཡོད་པ་བཤད།

ད་ལྟ་སྒྲོ་ནལ་ཁྲི་རམ་ཕུ་རང་གིས་རྒྱ་ནག་དང་ཚོང་འབྲེལ་ཡོངས་སུ་གཅོད་ཀྱིན་པ་འདི་ནི། དཔལ་འབྱོར་གྱི་གནས་ཚུལ་ཟུར་དུ་བཞག་ནས། ཐེ་ཝན་གྱི་བདེ་སྲུང་འབྲེལ་ནས་བཤད་ན། རྒྱ་ནག་གི་འཇིགས་སྣང་བྱ་སའི་མེ་མདའ་དེ། སྒྲོ་ནལ་ཁྲི་རམ་ཕུས་དང་བླང་ངང་འཕངས་ཟིན་པ་ལྟ་བུ་གྱུར་ཟིན་པ་དང་། རྒྱ་ནག་གིས་མེ་མདའི་ཤུགས་ཚད་དངོས་སུ་ཚོར་འགོ་བཙུག་ཟིན་ཅིང་། གོ་སྐབས་འདི་བཟུང་ནས་ཨ་རིའི་ཁྲོམ་རར་མ་བརྟེན་པའི་དཔལ་འབྱོར་ཞིག་སྐྲུན་རྒྱུའི་ལག་ལེན་དངོས་སུ་བྱེད་ཀྱིན་དང་། དེར་བརྟེན། ད་ལྟ་རྒྱ་ནག་ལ་དོན་དངོས་སུ་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་བློ་སྟོབས་ཆེ་རུ་འགྲོ་བཞིན་པའང་བཤད་མཁན་བྱུང་།

གཞན་ཡང་། སྒྲོ་ནལ་ཁྲི་རམ་ཕུ་ལ་མེད་ཅིང་ཞེ་ཅེན་ཕིན་ལ་ཡོད་པའི་ཁེ་ཕན་གལ་ཆེན་ཞིག་ནི། རྒྱ་ནག་དེ་སྒེར་གཅོད་རྒྱལ་ཁབ་ཅིག་ཡིན་པས། དཔལ་འབྱོར་སྦྱོང་བརྡར་འདིའི་ཁྲོད་དཀའ་ངལ་ཇི་ལྟར་འཕྲད་ཀྱང་། དེར་ངོ་རྒོལ་བྱེད་མཁན་དག་ལ་དྲག་གནོན་གྱིས་འགུལ་རྒྱུ་མེད་པ་བཟོ་ཆོག་པ་མ་ཟད་། ད་དུང་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་འཕྲད་པའི་དཀའ་ངལ་དེ་རྒྱལ་ཞེན་སློང་བྱེད་ཀྱི་ལག་ཆར་སྒྱུར་ཐུབ་པའི་ཆ་རྐྱེན་ཡོད་པ་དང་། དེ་ལས་ལྡོག་ཏེ་ཨ་རིའི་དཔལ་འབྱོར་ལ་དཀའ་ངལ་མང་དུ་ཕྱིན་ཚེ། དེ་ནི་མི་དམངས་ཀྱི་མངོན་འདོད་དང་དགའ་མོས་ལ་ཤུགས་ཆེན་བསྟུན་དགོས་པའི་ཁྲི་རམ་ཕུ་དང་། སྤྱི་མཐུན་ཚོགས་པར་ཆབ་སྲིད་ཀྱི་ཉེན་ཁ་ཞིག་ཏུ་འགྱུར་རྒྱུ་དང་། རྒྱ་ནག་གིས་འདིའང་ཐབས་བྱུས་ཀྱི་ཁྲོད་བཅུག་ཡོད་པ་ཚོད་དཔག་བྱེད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག