ཨ་རིའི་དམག་འཁྲུག་ལྷན་ཁང་གི་དྲུང་ཆེ་ཕེ་ཀྲི་ཧག་སེ་ཐི་ཡིས། ཨ་རིའི་དམག་དཔུང་གིས་{ལྷོ་ཡི་མདུང་བྱ་འགུལ་}ཞེས་པ་སྤེལ་རྒྱུ་ཡོངས་སུ་བསྒྲགས་ཤིང་། འདིའི་དམིགས་འབེན་ནི་ནག་ཚོགས་དང་དྲག་སྤྱོད་པ་ཡིན་པ་དང་། ཨ་རིའི་མི་སེར་མང་པོ་གསོད་མཁན་གྱི་ཉལ་ཐ་འདྲེན་སའི་ལམ་ཀ་གཅོད་ཆེད་ཡིན་པ་བཤད།
ཁ་སང་གཟའ་ཕུར་བུའི་ཉིན། ཨ་རིའི་དམག་འཁྲུག་ལྷན་ཁང་གི་དྲུང་ཆེ་ཕེ་ཀྲི་ཧག་སེ་ཐི་ཡིས། ཨ་རིའི་དམག་དཔུང་གིས་{ལྷོ་ཡི་མདུང་བྱ་འགུལ་}ཞེས་པ་སྤེལ་རྒྱུ་ཡོངས་སུ་བསྒྲགས་ཤིང་། འདིའི་དམིགས་འབེན་ནི་ནག་ཚོགས་དང་དྲག་སྤྱོད་པ་ཡིན་པ་དང་། ཨ་རིའི་མི་སེར་མང་པོ་གསོད་མཁན་གྱི་ཉལ་ཐ་འདྲེན་སའི་ལམ་ཀ་གཅོད་ཆེད་ཡིན་པ་བཤད། ད་ལྟ་ཁཱ་རེ་བྷེ་ཡན་མཚོ་རྒྱུད་དང་། ཝེ་ནེ་ཛོ་ལ་རྒྱལ་ཁབ་ཀྱི་ཐག་ཉེར་ཨ་རིའི་དམག་དཔུང་དང་། གྲུ་གཟིངས་ཕོན་ཆེན་སྤུངས་ཟིན་པ་དང་། ཕྱོགས་འདིར་ནག་ཚོགས་ཀྱི་ཡིན་པར་བཤད་པའི་གྲུ་གཟིངས་མང་པོ་གཏོར་ཟིན་པ་ལྟར། ཐེངས་འདིར་ཁོས་བཤད་པའི་{ལྷོ་ཡི་མདུང་བྱ་འགུལ་}ཞེས་པ་འདི། གོང་གི་འདི་ལ་ཤོད་ཀྱི་ཡོད་དམ། ཡང་ན་དམག་དོན་བྱ་འགུལ་གསར་བ་ཞིག་འགོ་གཟུག་རྒྱུའི་བརྡ་ཡིན་ཁ་གསལ་མ་བཟོས།
ད་ལྟ་འཐབ་འཛིང་གནམ་གྲུ་འཁྱེར་བའི་གྲུ་གཟིངས་ཆེན་མོ་(USS Gerald R. Ford)ཕྱོགས་འདིར་སླེབས་ཟིན། སྒྲོ་ནལ་ཁྲི་རམ་ཕུས། ཕྱོགས་འདིར་མཚོ་ཐོག་མ་ཟད་སྐམ་ཐོག་ཏུ་ཕར་རྒོལ་བྱ་རྒྱུར་བསམ་བློ་གཏོང་བཞིན་པ་གསལ་བོར་བཟོས་ཟིན་པ་དང་། གཟའ་ལྷག་པའི་ཉིན་ཆེས་མཐོའི་དམག་དོན་ལས་བྱེད་ཅིག་གིས་སྲིད་འཛིན་ལ། ཝེ་ནེ་ཛོ་ལ་རྒྱལ་ཁབ་ཀྱི་སྐམ་སའི་སྟེང་ཕར་རྒོལ་བྱ་རྒྱུའི་འཆར་གཞི་གསར་བ་ཞིག་ཕུལ་ཟིན་པ་དང་། སྒྲོ་ནལ་ཁྲི་རམ་ཕུས་འཆར་གཞི་འདི་དངོས་སུ་ལག་བསྟར་བྱ་རྒྱུར་མཐའ་མའི་ཐག་གཅོད་དེ་བྱས་མེད་པ། སི་བྷི་ཨེ་སི་གསར་ཁང་གིས་གནས་ཚུལ་བཀོད། དེ་དང་ལྷན་ཝེ་ནེ་ཛོ་ལའི་སྲིད་འཛིན་མཱ་རྡུ་རོ་ཡིས། རྒྱལ་ནང་དུ་དང་བླང་དམག་མི་བསྡུ་བ་དང་གོ་ལག་དཔོར་འདྲེན་སོགས། འབྱུང་སྲིད་པའི་གནས་ཚུལ་ཞིག་ལ་གྲ་སྒྲིག་བྱེད་བཞིན་པའི་མཚམས།
