Homeརྒྱལ་སྤྱི།ཡུ་རོབ།ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

Date:

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། རཱ་ཡུའི་བར་དམག་མཚམས་བཞག་པ་དང་། ཡུ་རོབ་ཀྱི་དམག་དཔུང་ཡུ་ཁུ་རན་དུ་འཇོག་རྒྱུ་ཡིན་པ་བསྒྲགས།

•. ཁ་སང་ཡུ་དམག་གིས། རཱ་ཤི་ཡའི་ཏཱ་གྷན་རོག་ས་ཁུལ་གྱི་གནམ་ཐང་ཞིག་ལ་གཏོར་རྒོལ་བྱས་ཟིན་པ་ལྟར། དེའི་ཁྲོད་རཱ་ཤི་ཡའི་གཏོར་རྒོལ་གནམ་གྲུ་ TU-95 ཞིག་ལའང་གཏོར་སྐྱོན་བཟོས་ཟིན་པ། ཡིད་ཆེས་བྱ་ཆོག་པའི་གཞི་འདུག་ཅེས་ཡུ་ཁུ་རན་གྱིས་བསྒྲགས། ཡུ་དམག་གིས་ཐེངས་འདིར་ནེབ་ཀྲོན་འཕུར་མདའ་སྤྱད་ཟིན་པ་གསལ།

•. སི་པན་གྱི་གསར་ཤོག་ཨེལ་ པའེ་སི་(El País)སྟེང་གནས་ཚུལ་བཀོད་པ་ལྟར་ན། ལོ་འདིའི་མཇུག་ཏུ་ནུབ་ཆིངས་རྒྱལ་ཁབ་ཚོས་ཨ་རིའི་གོ་ལག་ཨ་སྒོར་ཐེར་འབུམ་ $5 ཡི་རིན་ཐང་ཉོས་ནས་ཡུ་ཁུ་རན་ལ་གཏོང་རྒྱུ་ཡིན་པ་བཤད། དེ་བཞིན་ནུབ་ཆིངས་དྲུང་ཆེ་ཡིས་ཀྱང་དེ་ལྟར་བསྒྲགས། ཨ་རིས་ཡུ་ཁུ་རན་ལ་དམག་དོན་རོགས་སྐྱོར་གསར་བ་སྤྲོད་མཚམས་བཞག་པ་ནས། ཡུ་ཁུ་རན་ལ་གོ་ལག་གཏོང་མཁན་གཙོ་བོ་ནི་ཡུ་རོབ་གྱུར།

•. ཨེ་བྷི་སི་གསར་ཤོག་སྟེང་། ད་ལྟ་ཨ་རི་དང་ཡུ་ཁུ་རན་བར་དམག་མཚམས་འཇོག་རྒྱུ་དང་འབྲེལ་གྲོས་མཐུན་རིམ་པོ་དེ་འཇོག་ཐུབ་ཟིན་པའི་གནས་ཚུལ་བཀོད། དེ་ནི་ཡིག་ཆ་དོན་ཚན་ 28 ཅན་དེར་འགྱུར་བ་བཏང་བའི་མཐའ་བསྡོམས་ཡིན་དགོས། དེ་བཞིན་ཨ་རིས་རཱ་ཤི་ཡ་དང་ལྷན་འབྲེལ་བ་བྱེད་བཞིན་དང་། རཱ་ཤི་ཡ་དང་ཡུ་ཁུ་རན་བར་ལའང་འབྲེལ་བ་འབྱུང་བཞིན་པ། ཨེག་སོ་སི་སྟེང་གནས་ཚུལ་བཀོད། སྒྲོ་ནལ་ཁྲི་རམ་ཕུས། ཝེ་ཀྲི་ཀོ་ཧྥི་རཱ་ཤི་ཡར་ཕྱིན་ནས་ཕུ་ཀྲན་དང་ཐུག་དགོས་པ་བཤད་ཡོད་ཅེས་བཤད། ཝེ་ཀྲི་ཀོ་ཧྥི་བདུན་ཕྲག་རྗེས་མར་རཱ་ཤི་ཡར་འགྲོ་རྒྱུ་ཡིན་པའི་གནས་ཚུལ་ཐོན།

•. ཡིན་ན་ཡང་། འགྱུར་བ་བཏང་ཟིན་པའི་ཡིག་ཆ་འདི་རཱ་ཤི་ཡས་ཁས་ལེན་རྒྱུ་མིན་པ་ཚོད་དཔག་བྱེད་བཞིན་ཡོད་ཅེས། ཨ་རིའི་ལས་བྱེད་ཅིག་གིས་ནེའུ་ཡོག་དུས་བབ་ལ་བཤད། དེ་དང་ལྷན་རཱ་ཤི་ཡའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་པེ་སི་ཀོ་ཝི་ཡིས་ཀྱང་། ཡུ་ཁུ་རན་གྱི་དཀའ་རྙོག་འདི་མཇུག་བསྡུ་ལ་ཉེ་བའི་སྡོམ་ཚིག་འགོད་རྒྱུ་ཅུང་སྔ་དྲགས་འདུག་ཅེས་བཤད། ཐོག་མར་ཨ་རི་དང་རཱ་ཤི་ཡས་དོན་ 28 ཅན་ཞིག་བཟོས་ཤིང་། དེ་ཉིད་ཨ་རི་དང་ཡུ་ཁུ་རན་བར་སུད་སིར་གྲོས་མོལ་བརྒྱུད་འགྱུར་བ་བཏང་།

•. ཧྥ་རན་སིའི་གཞུང་གིས། དུས་ཡུན་ཟླ་བ་ 10 ཅན་གྱི་དང་བླང་དམག་མི་བསྡུ་རྒྱུ་དང་། མཉམ་ཞུགས་བྱེད་མཁན་ཚོར་ཟླ་བ་རེར་གླ་ཆ་ཡུ་སྒོར་ €900 ནས་ཡུ་སྒོར་ €1,000 བར་སྤྲད་རྒྱུའི་འཆར་གཞི་ཞིག་ཕྱིར་འདོན་རྒྱུ་ཡིན་པའི་གནས་ཚུལ་ཞིག་ཐོན། དེ་དང་ལྷན་ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། རཱ་ཡུའི་བར་དམག་མཚམས་བཞག་པ་དང་། ཡུ་རོབ་ཀྱི་དམག་དཔུང་ཡུ་ཁུ་རན་དུ་འཇོག་རྒྱུ་ཡིན་པ་བསྒྲགས། དེའི་ལན་དུ་རཱ་ཤི་ཡའི་ཕྱི་སྲིད་བློན་ཆེན་སར་གྷེ་ལ་ཝི་རོ་ཡིས། ཁོས་ཁེ་ཝུ་དང་ཨོ་རྡ་ས་གང་རུང་ལ་དམག་དཔུང་གཏོང་འདོད་འདུག དེ་ནི་གྲུབ་འབྲས་མེད་པའི་རྨི་ལམ་ཞིག་རེད་ཅེས་བཤད།

•. ད་དུང་སར་གྷེ་ལ་ཝི་རོ་ཡིས། ཡུ་རོབ་ཀྱིས་ཨ་རི་དང་རཱ་ཤི་ཡའི་བར་གྲོས་མོལ་བྱེད་བཞིན་པ་གཏོར་གང་ཐུབ་བྱེད་བཞིན་འདུག གལ་སྲིད་ཨ་རི་དང་རཱ་ཤི་ཡའི་བར། ཨ་རིའི་ཨ་ལ་སི་ཀ་མངའ་སྡེར་སྐད་ཆ་ཅི་ཞིག་བཤད་ཟིན་པ་དེ་དག་ཕྱིར་འཐེན་ཚེ། དེ་ནས་གནས་སྟངས་ཚང་མ་འགྱུར་བ་འགྲོ་ངེས་རེད་ཅེས་བཤད། དེ་བཞིན་རཱ་ཤི་ཡའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པས། ཡིག་ཆ་དོན་ཚན་ 28 ཅན་འདི་ནི་ཨ་རིས་ང་ཚོར་ཚུར་སྤྲད་པའི་རག་ཟིན་ཞིག་རེད་ལ། དེ་ནི་ཨ་ལ་སི་ཀ་མངའ་སྡེར་བྱུང་བའི་གྲོས་མོལ་གྱི་སྟེང་གཞིར་བཞག་པ་ཞིག་རེད་ཅེས་བཤད།

•. དེ་དང་ལྷན་ཁོ་དང་ཕྱི་སྲིད་བློན་ཆེན་གཉིས་ཀྱིས། ཨ་རིའི་བསམ་ཚུལ་ནི་དོན་དངོས་དང་མཐུན་པ་ཞིག་ཡིན་ཚུལ་དང་། ཡུ་རོབ་དང་ཡུ་ཁུ་རན་གྱིས། ཡར་རྒྱས་འགྲོ་བཞིན་པའི་གྲོས་མོལ་འདི་གཏོར་གང་ཐུབ་བྱེད་བཞིན་པ་བཤད་ཅིང་། གལ་སྲིད་ཡིག་ཆ་འདི་ལ་འགྱུར་བ་བཏང་ཚེ་སྐད་ཆ་གཞན་ལྷག་མེད་པའི་རྣམ་འགྱུར་བསྟན། དོན་དངོས་སུ་ད་ལྟ་བར་ཐོན་པའི་གནས་ཚུལ་དག་གཞིར་བཞག་ན། ཡིག་ཆ་འདི་ནི་རཱ་ཤི་ཡས་གཙོ་བོ་བཟོས་ཤིང་། ཨ་རིའི་སྲིད་འཛིན་གྱིས་ཆོག་མཆན་དང་རྒྱབ་སྐྱོར་བྱས་ཟིན་པ་ཞིག་ཡིན་པ་གསལ་བོར་གྱུར།

•. ཡིག་ཆ་དོན་ཚན་ 28 ཅན་གྱི་ནང་དུ་ཡུ་ཁུ་རན་གྱིས། རང་གི་དམག་མིའི་གྲངས་དེ་འབུམ་ 6 ལ་མར་བསྙུང་དགོས་ཞེས་བཀོད་ཡོད་པ་ལྟར།དབྱིན་ཇིའི་ནོར་སྲིད་དུས་བབ་ལྟར་ན། ཡུ་ཁུ་རན་གྱིས་རང་གི་དམག་དཔུང་གྲངས། འབུམ་ 8 བར་དུ་བསྙུང་རྒྱུ་ཁས་ལེན་བཞིན་པ་དང་།མངའ་ཁོངས་བདག་དབང་གི་གནད་དོན་དང་བདེ་སྲུང་ཁག་ཐེག་གི་ཐད་ནས། སྒྲོ་ནལ་ཁྲི་རམ་ཕུ་དང་ཛེ་ལན་སི་ཀེ་བར་ཐད་ཀར་སྐད་ཆ་བཤད་རྒྱུ་ཡིན་པ་བཤད། ཡིན་ན་ཡང་། སི་ཨན་ཨན་གསར་ཤོག་ལྟར་ན།ཡུ་ཁུ་རན་གྱིས། རང་གི་དམག་དཔུང་གི་གྲངས་བསྙུང་རྒྱུ། རང་གི་ས་ཆ་རཱ་ཤི་ཡར་སྤྲད་རྒྱུ། ནུབ་ཆིངས་ནང་མི་འཛུལ་རྒྱུ་ཁས་ལེན་དགོས་པ་བཅས་གསུམ་དེ་ཁས་བླངས་མེད་པ་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག