Homeརྒྱལ་སྤྱི།ཡུ་རོབ།ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

Date:

རཱ་དམག་གིས་སྒྲི་རོན་ 650 དང་། འཕུར་མདའ་ 34 འཕངས་ནས་ཡུ་ཁུ་རན་ལ་ཚུར་རྒོལ་དྲག་པོ་བྱས་ཤིང་། ཐེངས་འདིར་ཡུ་ཁུ་རན་གྱི་ས་ཁུལ་མང་པོའི་གློག་བཅད་ཟིན་པའི་གནས་ཚུལ་ཐོན།

•. དེ་རིང་རཱ་དམག་གིས། ཡུ་ཁུ་རན་གྱི་མངའ་སྡེ་ཕལ་ཆེ་བར་འཕུར་མདའ་དང་། སྒྲི་རོན་གྱིས་གཏོར་རྒོལ་དྲག་པོ་བྱས་ཤིང་། ད་ལྟ་བར་འདིའི་ཁྲོད་མི་སེར་ 3 བསད་ཟིན་པ་གཏན་འཁེལ་དང་། དེ་བཞིན་གློག་ཁང་པོར་གཏོར་རྒོལ་ཐེབས་པས། ཡུ་ཁུ་རན་གྱི་མངའ་སྡེ་མང་པོའི་གློག་བཅད། ཡུ་ཁུ་རན་གྱིས། ཐེངས་འདིར་རཱ་དམག་གིས་སྒྲི་རོན་ 650 དང་། འཕུར་མདའ་ 34 འཕངས་ཟིན་པ་བཤད། འདི་ནི་རཱ་དམག་གིས་ཡུ་ཁུ་རན་གྱི་གློག་ཁང་དག་ལ་གཏོར་རྒོལ་བྱས་པ་གཞི་རྒྱ་ཆེ་ཤོས་ཤིག་ཏུ་གྱུར་ཅིང་། ད་ལྟ་ཡུ་རོབ་ཤར་ཕྱོགས་སུ་གནམ་གཤིས་གྲང་ཚད་གོར་ཐིགས་ལ་སླེབས་ཉེ་བ་བཤད།

•. གཞན་ཡང་དེ་རིང་། རཱ་དམག་བརྒྱ་ཕྲག་ཡས་མས་ཤིག་གིས་གློ་བུར་དུ་ཚུར་རྒོལ་གྱིས། ཡུ་ཁུ་རན་གྱི་ཤར་ཕྱོགས་སུ་མེ་མངའ་སྡེའི་གྲོང་གསེབ།ཧེ་ར་བྷོ་སི་ཀེ་(Hrabovske)ཞེས་པའི་ནང་འཛུལ་ཟིན་པའི་གནས་ཚུལ་ཐོན། སུ་མེ་མངའ་སྡེ་ནི་ཕུ་ཀྲན་གྱིས་རཱ་ཤི་ཡའི་རྩ་ཁྲིམས་སུ་བཅུག་ཟིན་པའི་ས་ཁོངས་སུ་མེད་ཀྱང་། ཁོས། རཱ་ཡུ་གཉིས་བར་ས་སྟོང་ཞིག་འཇོག་དགོས་འདུག་ཅེས། ལོ་སྔོན་མ་ནས་རཱ་དམག་ལ་སུ་མེ་མངའ་སྡེར་ཚུར་རྒོལ་བྱེད་དུ་བཅུག

•. ཡུ་དམག་གིས། རྡོ་ཉད་སི་ཀི་ས་ཁུལ་གྱི་ཕོ་ཁི་རོ་ཝི་སི་ཀི་གྲོང་ཁྱེར་གྱི་གཡུལ་སར། རཱ་དམག་གི་ཚུར་རྒོལ་ཆེན་པོ་ཞིག་ཕྱིར་བཟློགས། ཐེངས་འདིའི་གཡུལ་འགྱེད་ཁྲོད། རཱ་དམག་གི་ལྕགས་ཁྲབ་འཁོར་ལོ་ 6 དང་། ཁྲབ་ལྡན་རླངས་འཁོར་ BMPs ཚུད་པའི་གོ་ལག་ལྗིད་པོ་གྲངས་ 24 གཏོར་ཟིན་པ་བསྒྲགས། ཐེངས་འདིར་རཱ་དམག་གིས་འཕྲུལ་རྟ་མ་ཟད། རྟ་དང་བོང་བུ་ཚུན་བེད་སྤྱོད་བྱེད་བཞིན་པའི་བརྙན་ཡང་ཕྱིར་བཀྲམས།

•. ཁ་སང་ཞོགས་པར་རཱ་ཤི་ཡའི་རྒྱལ་ས་མོ་སི་ཁོར། རླངས་འཁོར་ཞིག་གས་འཐོར་གྱིས། རཱ་ཤི་ཡའི་ཆེས་མཐོའི་དམག་སྤྱི་ཧྥེ་ནེལ་ སཱར་ཝ་རོ་ཝི་( Fanil Sarvarov)ཞེས་པ་བསད་ཟིན་པ་ལྟར། འདིའི་རྒྱབ་ཏུ་ཡུ་ཁུ་རན་ཡོད་པའི་སྐད་ཆ་ཞིག་ཁྱབ། ཡིན་ན་ཡང་། ཡུ་ཁུ་རན་གྱི་དམག་དཔུང་གིས། ཁོ་ཚོ་འདིའི་རྒྱབ་ཏུ་ཡོད་མེད་གང་ཡང་མ་བཤད། འདས་པའི་ལོ་ 1 རིང་ཆེས་མཐོ་བའི་རཱ་ཤི་ཡའི་དམག་སྤྱི་ 3 རྒྱལ་སར་རླངས་འཁོར་གས་འཐོར་གྱིས་བསད་ཅིང་། དམག་སྤྱི་འདི་དག་ཕུ་ཀྲན་དང་བློ་ཐག་ཉེ་ཞིང་ཕུ་ཀྲན་རང་གིས་བསྐོས་ཡིན་པ་གསལ།

•. དམག་འཁྲུག་འགོ་བཙུགས་པ་ནས། ཡུ་ཁུ་རན་གྱི་དམག་དཔུང་གིས་གཡུལ་སའི་ཆེད། ཨེ་ལོན་མ་སི་ཁིའི་སྐུད་མེད་དྲྭ་བ་སི་ཀྲར་ལེན་(Starlink)བེད་སྤྱོད་བྱེད་བཞིན་པ་དང་། ད་ལྟ་རཱ་ཤི་ཡས་སྐུད་མེད་དྲྭ་རྒྱ་འདིའི་ནུས་པ་ཚོད་འཛིན་བྱེད་ཆེད། གོ་ལག་ཅིག་བཟོ་བཞིན་པའི་གནས་ཚུལ་ཐོན། ཆེད་མཁས་པས། གལ་སྲིད་གོ་ལག་དེ་འདྲ་ཞིག་བེད་སྤྱོད་བྱས་ཚེ། དེས་ཡུ་ཁུ་རན་མ་ཟད་རཱ་ཤི་ཡ་དང་རྒྱ་ནག་གི་སྐུད་མེད་དྲྭ་བའི་མ་ལག་ལའང་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་བཤད།

•. ཉེ་དུས་རོའུ་ཀྲར་གསར་ཤོག་གིས། ཕུ་ཀྲན་གྱིས་ཡུ་ཁུ་རན་ཧྲིལ་བོ་འཛིན་རྒྱུ་མ་ཟད། ཡུ་རོབ་ལའང་ཕར་རྒོལ་བྱ་རྒྱུའི་དམིགས་ཡུལ་ཡོད་པ། ཨ་རིའི་གསང་ལས་ཀྱི་སྐད་ཆ་ལུང་འདྲེན་གྱིས་གནས་ཚུལ་བཀོད་ཟིན་པ་ལྟར། རཱ་ཤི་ཡའི་གཞུང་གིས། ང་ཚོར་ཡུ་ཁུ་རན་ཧྲིལ་བོ་འཛིན་འདོད་མེད་ཅེས་བཤད། དེ་བཞིན་རཱ་ཤི་ཡའི་ཕྱི་སྲིད་བློན་ཆེན་གཞོན་པས། རཱ་ཤི་ཡའི་ངོས་ནས་ཡུ་རོབ་དང་ནུབ་ཆིངས་ཀྱི་སྟེང་ཕར་རྒོལ་མི་བྱ་རྒྱུ། གཞུང་འབྲེལ་ངང་ཁག་ཐེག་བྱ་རྒྱུར་གྲ་སྒྲིག་བྱས་ཡོད་ཅེས་བསྒྲགས།

  • ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུའི་སྲིད་གཞུང་གིས། རཱ་ཤི་ཡའི་ཆ་རྐྱེན་གཙོ་བོ་དག་ཡུ་ཁུ་རན་ལ་ཁས་ལེན་དུ་བཅུག་ནས། དམག་འཁྲུག་འདི་མཚམས་འཇོག་རྒྱུར་འབད་པ་བྱེད་བཞིན་པ་ལྟར། གྲོས་མོལ་འདི་དང་འབྲེལ་སྒྲོ་ནལ་ཁྲི་རམ་ཕུའི་སྐུ་ཚབ་འབྱོར་ལྡན་ཝེ་ཀྲི་ཀོ་ཧྥི་དང་། རྒྱལ་སྲིད་དྲུང་ཆེ་མར་ཀོ་རུ་བྷེའོ་གཉིས་བར་ཡང་ཡང་འགལ་ཟླ་འབྱུང་བཞིན་པ། ཨེན་བྷི་སི་གསར་ཁང་གིས་གནས་ཚུལ་བཀོད། དཔེར་ན། ཝེ་ཀྲི་ཀོ་ཧྥི་ཡིས་རྒྱལ་སྲིད་ལྷན་ཁང་ལ་འབྲེལ་བ་མ་བྱས་པར། རཱ་ཤི་ཡ་དང་ལྷན་ཚོགས་འདུ་གོ་སྒྲིག་སོགས་བྱེད་བཞིན་པ་བཤད།

•. དེ་བཞིན་ཝེ་ཀྲི་ཀོ་ཧྥི་ཡིས་རཱ་ཤི་ཡ་དང་འབྲེལ་བ་བྱེད་སྐབས། སྒེར་གྱི་བརྒྱུད་ལམ་བེད་སྤྱོད་བྱེད་བཞིན་པ་དང་། རཱ་ཤི་ཡའི་རྒྱལ་སར་ཁོ་རང་སྒེར་གྱི་གནམ་གྲུའི་ནང་འཕུར་བ་སོགས་བྱེད་བཞིན་པ་དེས། རྒྱལ་སྲིད་ལྷན་ཁང་ལ་ཁོང་ཁྲོ་བསླངས་ཡོད་པའི་གནས་ཚུལ་ཐོན། མར་ཀོ་རུ་བྷེའོ་ལ་སྲོལ་རྒྱུན་གྱི་ཨ་རིའི་ཆབ་སྲིད་པའི་ཁྱད་ཆོས་ཤུགས་ཆེ་བ་དང་། ཝེ་ཀྲི་ཀོ་ཧྥི་ནི་ཆབ་སྲིད་ཀྱི་རྒྱབ་ལྗོངས་མེད་ཅིང་། མི་ཚེ་ཚོང་ལས་ཁྲོད་སྐྱེལ་མཁན་ཞིག་ཡིན་པས། ཁོ་གཉིས་བར་ཁྱད་པར་ཆེན་པོ་ཡོད། ཝོལ་ སི་ཀྲི་རི་ཀྲི་གསར་དེབ་ལྟར་ན། རཱ་ཤི་ཡའི་སྲིད་འཛིན་ཕུ་ཀྲན་སྒེར་གྱིས་ཝེ་ཀྲི་ཀོ་ཧྥི་ལ་དགའ་མོས་བྱེད་བཞིན་པའམ། ཝེ་ཀྲི་ཀོ་ཧྥི་ནི་བེད་སྤྱོད་ཡོད་པ་ཞིག་ཏུ་མཐོང་བཞིན་པའི་གནས་ཚུལ་བཀོད།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།