Homeརྒྱལ་སྤྱི།ཨེ་ཤ་ཡ།ལོ་རྗེས་མའི་བལ་བོའི་འོས་བསྡུ་ལ་གྲ་སྒྲིག

ལོ་རྗེས་མའི་བལ་བོའི་འོས་བསྡུ་ལ་གྲ་སྒྲིག

Date:

ད་ལོར་ན་གཞོན་ཚོའི་ངོ་རྒོལ་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་སྟོན་མཁན། རྒྱལ་ས་ཀཱ་ཐ་མན་ཀྲུ་གྲོང་ཁྱེར་གྱི་སྤྱི་ཁྱབ། ལོ་ན་ 35 ཡིན་པ་བྷ་ལན་གྱིས། ལྐོག་ཟར་རྒོལ་བའི་བལ་བོའི་ཆབ་སྲིད་ཚོགས་པ། ཨར་ཨེ་སི་ཕི་(RSP)དང་མཉམ་འབྲེལ་བྱ་རྒྱུ་ཐག་བཅད།

བལ་བོའི་གཞུང་གིས། རྒྱལ་ནང་དུ་སྤྱི་ཚོགས་དྲྭ་རྒྱ་གཙོ་བོ་དག་བཀག་པ་ཐད་ཀའི་རྒྱུ་རྐྱེན་དུ་གྱུར་ཅིང་། ད་ལོའི་ཕྱི་ཟླ་ 9 ནང་ན་གཞོན་ཚོས་འགོ་འཁྲིད་པའི་འོག་ལྐོག་ཟར་རྒོལ་བའི་ལས་འགུལ་ཆེན་པོ་ཞིག་སྤེལ། ངོ་རྒོལ་འདིའི་ཁྲོད་མི་ 77 རྐྱེན་འདས་སུ་ཕྱིན་པས། ངོ་རྒོལ་གཞི་རྒྱ་ཆེ་རུ་ཕྱིན་ཅིང་། མཐར་བལ་བོའི་སྲིད་བློན་གྱིས་དགོངས་པ་ཞུས་པ་སོགས། རྒྱལ་ནང་དུ་སྔོན་དཔག་མ་ཐུབ་པའི་སྲིད་འགྱུར་ཆེན་པོ་ཞིག་བྱུང་། ན་གཞོན་ཚོའི་རེ་བ་ལྟར། ཁྲིམས་དཔོན་ཟུར་བ་ཡིན་པའི་བུད་མེད་སུ་ཤི་ལ་ ཁར་ཁེ་ཞེས་པ། གནས་སྐབས་ཀྱི་སྲིད་བློན་དུ་བསྐོས་ཤིང་བར་བརྒལ་གཞུང་བཙུགས། བར་བརྒལ་གཞུང་གི་ཐག་གཅོད་ལྟར་ལོ་རྗེས་མའི་ཕྱི་ཟླ་ 3 ནང་། རྒྱལ་ཡོངས་སུ་གྲོས་ཚོགས་འོས་བསྡུ་གསར་བ་སྤེལ་རྒྱུ།

ད་ལོར་ན་གཞོན་ཚོའི་ངོ་རྒོལ་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་སྟོན་མཁན། རྒྱལ་ས་ཀཱ་ཐ་མན་ཀྲུ་གྲོང་ཁྱེར་གྱི་སྤྱི་ཁྱབ། ལོ་ན་ 35 ཡིན་པ་བྷ་ལན་(Balendra Shah)གྱིས། ལྐོག་ཟར་རྒོལ་བའི་བལ་བོའི་ཆབ་སྲིད་ཚོགས་པ། ཨར་ཨེ་སི་ཕི་(RSP)དང་མཉམ་འབྲེལ་བྱ་རྒྱུ་ཐག་བཅད། དེའི་དོན་ནི་གལ་སྲིད་ལོ་རྗེས་མའི་འོས་བསྡུའི་ཁྲོད། ཆབ་སྲིད་ཚོགས་པ་འདིར་རྒྱལ་ཁ་ཐོབ་ཚེ། བྷ་ལན་སྲིད་བློན་དུ་བསྐོ་རྒྱུ་དང་ཆབ་སྲིད་ཚོགས་པ་འདིའི་དབུ་ཁྲིད་ཀྱི་འགན་། སྔར་བཞིན་རཱ་བྷེ་ ལ་མེ་ཆན་(Rabi Lamichhane)ཡིས་འཁུར་རྒྱུ་བྱས། རཱ་བྷེ་ཡི་ཆབ་སྲིད་ཚོགས་པ་(RSP)ཞེས་པ་འདི། ཕྱི་ལོ་ 2022 ལོར་བཙུགས་ཟིན་པ་ལ། ཁོ་ལ་ཁྲིམས་ཐོག་ཏུ། ཐེབས་རྩའི་དངུལ་སྒོར་ཞིག་ལོག་སྤྱོད་བྱས་ཟིན་པའི་ཁ་མཆུ་ཞིག་ཀྱང་ལྷག་ཡོད་པ་གསལ།

འདི་ནི་བྷ་ལན་དང་རཱ་བྷེ་གཉིས་ཀྱི་གཅིག་ཕན་གཅིག་གྲོགས་ཀྱི་ཐབས་བྱུས་ཤིག་ཡིན་པ་གསལ་བོར་གྱུར་ཅིང་། རཱ་བྷེ་ཡི་ངོས་ནས་བྷ་ལན་བརྒྱུད་ཁོའི་ཆབ་སྲིད་ཚོགས་པར། ན་གཞོན་མང་པོའི་འོས་ཤོག་ཐོབ་རྒྱུར་རྩིས་རྒྱག་བཞིན་པ་དང་། བྷ་ལན་གྱི་ངོས་ནས་རཱ་བྷེ་ཡི་ཆབ་སྲིད་ཚོགས་པའི་གར་སྟེགས་བརྒྱུད། རང་ཉིད་སྲིད་བློན་དུ་འདུག་ཐུབ་པའི་རྩིས་རྒྱག་བཞིན་པ་གསལ། སྤྱིར་བལ་ཡུལ་དུ་མི་གྲངས་ས་ཡ་ 30 ཡོད་པ་ལ། འོས་བླུག་ཐུབ་མཁན་གྲངས་ས་ཡ་ 19 དང་ད་ལོའི་ངོ་རྒོལ་གྱི་རྗེས་སུ། འོས་བླུག་ཐུབ་མཁན་ན་གཞོན་ས་ཡ་ 1 མ་ཟིན་ཙམ་ཞིག་མང་དུ་ཕྱིན་ཡོད་པ་བཤད། དེར་བརྟེན་འདི་ནི་འདས་པའི་བགྲང་བྱ་མང་པོའི་རིང་། བལ་བོའི་སྲིད་དབང་འཛིན་མཁན། དམར་ཤོག་ཚོགས་པ་དང་ཀོང་རེ་སི་ཚོགས་པ་གཉིས་ལ་གདོང་ལེན་ཆེན་པོ་བྱ་དགོས་པ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་སྔོན་དཔག་བྱེད།

ཡིན་ན་ཡང་། ད་ལོར་ན་གཞོན་ཚོས་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་པའི་སྐབས་སུ། བྷ་ལན་གྱིས་དྲྭ་ལམ་བརྒྱུད་ན་གཞོན་ཚོར་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་པ་ཙམ་ལས། ཁོ་རང་དངོས་སུ་ངོ་རྒོལ་ཁྲོད་ཞུགས་པ་སོགས་མདུན་ལ་ཐོན་མ་ཐུབ་པ་དེར། ན་གཞོན་ཚོའི་ཁྲོད་ད་ལྟའང་བསམ་ཚུལ་ཆེན་པོ་ཡོད་མཁན་ཡོད་པ་གསལ། ཀོང་རེ་སེ་ཆབ་སྲིད་ཚོགས་པའི་མགྲིན་ཚབ་པས། བྷ་ལན་དང་རཱ་བྷེ་གཉིས་ཀ་གླེང་རྙོག་ཅན་གྱི་མི་རེད། ཁོ་གཉིས་མཉམ་འབྲེལ་བྱས་པ་ཙམ་གྱིས། འོས་བསྡུ་ལ་ཁྱད་པར་ཆེན་པོ་ཞིག་བཟོ་ཐུབ་པའི་རྣམ་པ་མི་འདུག མི་དམངས་ཀྱིས་སྔར་བཞིན་ཉམས་མྱོང་ལྡན་པའི་ཆབ་སྲིད་ཚོགས་པ་དག་ལ་རྒྱབ་སྐྱོར་བྱ་ངེས་ཡིན་ཞེས། སླར་ཡང་སྔར་གྱི་ཆབ་སྲིད་ཚོགས་པ་དག་ལ་རྒྱལ་ཁ་ཐོབ་རྒྱུ་ཡིན་པ་རོའུ་ཀྲར་གསར་ཤོག་ལ་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག