Homeརྒྱལ་སྤྱི།ཡུ་རོབ།ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

Date:

འབྱུང་འགྱུར་མེ་མཚམས་བཞག་པ་དང་། དབྱིན་ཇི་དང་ཧྥ་རན་སིའི་ངོས་ནས། ཡུ་ཁུ་རན་གྱི་ས་ཁུལ་མང་པོར་དམག་དོན་བསྟི་གནས་འཛུགས་རྒྱུར་གྲོས་མཐུན་ཟིན་པ་བསྒྲགས། དམག་མི་ 15,000 ནས་ 30,000 བཏ་གཏོང་འཆར་ཡོད་པའི་གནས་ཚུལ་ཐོན།

ཡུ་དམག་གིས། རཱ་ཤི་ཡའི་བྷེལ་གྷོ་རོ་ཀྲི་ས་ཁུལ་གྱི་རྡོ་སྣུམ་བཟོ་གྲྭ་ཞིག་ལ་གཏོར་རྒོལ་བྱས། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ནས་དེ་རིང་གཟའ་ལྷག་པ་བར། ཡུ་དམག་གིས་རཱ་ཤི་ཡའི་རྡོ་སྣུམ་བཟོ་གྲྭ་དང་རྡོ་སྣུམ་མཛོད་ཁང་། གློག་ཁང་། གོ་མཛོད་དང་དམག་དོན་བསྟི་གནས་སོགས་དམིགས་འབེན་ 21 གྱི་སྟེང་གཏོར་བྱས་ཟིན་པ་བསྒྲགས།

ཡུ་ཁུ་རན་གྱི་སྤྱི་ཁྱབ་དམག་སྤྱི་ཆེན་མོ་སར་སི་ཀེ་ཡིས། རཱ་ཤི་ཡས་ད་ལྟ་ཉི་མ་རེར་སྒྲི་རོན་ 400 ལས་མང་བ་བཟོ་བཞིན་པ་དང་། སྒྲི་རོན་དང་འཕྲུལ་མི་སོགས། མི་མེད་མཚོན་ཆ་སྤྱོད་མཁན་གྱི་དམག་སྡེར་དམག་མི་གྲངས་ 80,000 ཡོད་པ་དང་། ལོ་འདིར་སྡེ་ཚན་འདིའི་ནང་དུ་ལས་བྱེད་དང་། དམག་མི་གྲངས་ 165,500 ལ་ཡར་སྤར་རྒྱུའི་འཆར་གཞི་ཡོད་པ་དང་། ཕྱི་ལོ་ 2030 བར་དམག་མི་དང་ལས་བྱེད་གྲངས་ 210,000 བར་སྤར་རྒྱུའི་འཆར་གཞི་ཡོད་པ་བཤད།

ཧྥ་རན་སིའི་རྒྱལ་ས་ཕེ་རི་སིར། དབྱིན་ཇི་དང་ཧྥ་རན་སི། ཡུ་ཁུ་རན། ཨ་རི་བཅས་ཀྱི་དམག་སྤྱི་དག་འཛོམས་ཤིང་། འབྱུང་འགྱུར་ཡུ་ཁུ་རན་ལ་བདེ་སྲུང་ཁག་ཐེག་སྤྲོད་ཐབས་ཐད་གྲོས་བྱས་ཤིང་། དེ་བཞིན་ཁ་སང་མཐུན་ཕྱོགས་རྒྱལ་ཁབ་དག་གི་སྲིད་འཛིན་དང་། སྲིད་བློན་སོགས་ཞུགས། ཨ་རིའི་སྲིད་འཛིན་གྱི་སྐུ་ཚབ་ཝེ་ཀྲི་ཀོ་ཧྥི་དང་། ཁུ་ཤེ་ནེ་གཉིས་ཀྱང་ཞུགས། དེའི་སྟེང་ཧྥ་རན་སི་དང་དབྱིན་ཇི། ཡུ་ཁུ་རན་བཅས་ཀྱིས། དམག་འཁྲུག་མཚམས་བཞག་རྗེས་ཡུ་ཁུ་རན་དུ་ནུབ་ཕྱོགས་ཀྱི་དམག་དཔུང་གཏོང་འདོད་ཡོད་པའི་བསྒྲགས་གཏམ་ཞིག་ལ་མིང་རྟགས་བཀོད།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། འདས་པའི་ལོ་ངོ་ 15 ཡི་རིང་བཞག་པའི་ཞི་བའི་གྲོས་མཐུན་ཚང་མ་རཱ་ཤི་ཡས་མ་བརྩིས་པ་རེད་པར་འགལ་ཟིན་པ་རེད། མཐུན་ཕྱོགས་ཚོའི་རྒྱབ་སྐྱོར་འོག་ཡུ་ཁུ་རན་གྱི་དམག་མི་འབུམ་ 8 དེ་སྟོབས་ཤུགས་ཆེན་པོ་བཟོ་རྒྱུ་ནི། འབྱུང་འགྱུར་གྱི་བདེ་སྲུང་ཁག་ཐེག་གི་ཆ་ཤས་གཙོ་བོ་ཞིག་རེད་ཅེས་བཤད། ད་དུང་འབྱུང་འགྱུར་མེ་མཚམས་བཞག་པ་དང་། དབྱིན་ཇི་དང་ཧྥ་རན་སིའི་ངོས་ནས། ཡུ་ཁུ་རན་གྱི་ས་ཁུལ་མང་པོར་དམག་དོན་བསྟི་གནས་འཛུགས་རྒྱུར་གྲོས་མཐུན་ཟིན་པ་བསྒྲགས།

ཧྥ་རན་སིའི་གསར་ཤོག་འཛམ་གླིང་(Le Monde)ལྟར་ན། ཧྥ་སན་སི་དང་དབྱིན་ཇི། ཏུར་ཀེ་བཅས་མཉམ་འབྲེལ་གྱིས་དམག་མི་གྲངས་ 15,000 ནས། དམག་མི་གྲངས་ 30,000 བར་ཡུ་ཁུ་རན་དུ་འཇོག་རྒྱུའི་གྲོས་འཆར་འདོན་རྒྱུ་ཡིན་པ་དང་། དེ་དག་ཧྥ་རན་སི་དང་དབྱིན་ཇིའི་དམག་མི་དང།། ཏུར་ཀེ་ཡིས་གཙོ་བོ་མཚོ་ནག་གི་སྟེང་ནས་སྲུང་སྐྱོབ་དང་། མཚོ་ལམ་གྱི་བདེ་འཇགས་ལ་འགན་འཁུར་རྒྱུ་ཡིན་པ་བཤད། མཇར་མན་སྲིད་བློན་མེར་ཚི་ཡིས། མཇར་མན་གྱི་ངོས་ནས་འབྱུང་འགྱུར་ཡུ་ཁུ་རན་དང་། ཡུ་རོབ་ཀྱི་བདེ་འཇགས་ལ་འགན་འཁུར་རྒྱུ་ཡིན་པ་ཁས་བླངས།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།