Homeརྒྱལ་སྤྱི།ཡུ་རོབ།ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

Date:

ནུབ་ཆིངས་ལྟར་ན་དམག་འཁྲུག་འགོ་བཙུགས་པ་ནས། རཱ་དམག་ས་ཡ་ 1 ལས་མང་བ་ཤི་རྨས་བཟོས་ཟིན་པ་དང་། ལོ་སྔོན་མའི་ཕྱི་ཟླ་ 12 ནང་གཅིག་བུར་དམག་མི་ 25,000 བསད་ཟིན་པ་བཤད།

•. མདང་དགོང་རཱ་དམག་གིས། ཡུ་ཁུ་རན་གྱི་རྒྱལ་ས་ཁེ་ཝུ་དང་ཁར་ཁེ་ཝུ། སྒྲི་ནེ་པུར་ས་ཁུལ་བཅས་ལ་འཕུར་མདའ་དང་སྒྲི་རོན་གྱིས་ཚུར་རྒོལ་དྲག་པོ་བྱས། སླར་ཡང་རྒྱལ་ས་ཁེ་ཝུའི་གློག་བརྒྱ་ཆ་ 70% བཅད་ཟིན་པའི་གནས་ཚུལ་ཐོན། ཡུ་ཁུ་རན་ལྟར་ན་ཐེངས་འདིར་རཱ་དམག་གིས། སྒྲི་རོན་ 293 དང་བྷ་ལི་སི་ཀྲི་ཁི་འཕུར་མདའ་ 18 ། ཁི་རུ་སི་འཕུར་མདའ་ 7 བཅས་འཕངས་ཟིན་པ་བཤད་ཅིང་།

•. ཉེ་དུས་རཱ་དམག་གིས་གཏོར་རྒོལ་ཁྲོད། རྒྱལ་སའི་གློག་ཁང་ལ་གཏོར་རྒོལ་ཚབས་ཆེན་ཐེངས་ཤིང་། གྲོང་ཁྱེར་གྱི་གློག་ཕལ་ཆེ་བ་བཅད་ཟིན་པ་ལ། ཁ་སང་གློག་ཁང་དག་བསྐྱར་གསོ་ཐུབ་ཙམ་གྱི་མཚམས་ཡིན་པ་དང་།སླར་ཡང་གཏོར་རྒོལ་ཐེབས་པས་རྒྱལ་སའི་གྲོང་ཁྱེར་སྤྱི་ཁྱབ་ཀྱིས། རཱ་ཤི་ཡས་ཡུ་ཁུ་རན་གྱི་རྒྱལ་སའི་མི་དག་སྡོད་མི་ཐུབ་པ་བཟོ་བཞིན་འདུག་ཅེས་བཤད། ཐེངས་འདིར་ཁར་ཁེ་ཝུ་ས་ཁུལ་དུ་མི་སེར་ 4 བསད།

•. ཡུ་དམག་གིས། རཱ་ཤི་ཡའི་ཏ་གྷ་རོན་ས་ཁུལ་གྱི་སྒྲི་རོན་བཟོ་གྲྭ་ཞིག་ལ་གཏོར་རྒོལ་བྱས། ཡུ་ཁུ་རན་ལྟར་ན་བཟོ་གྲྭ་འདིར་སྒྲི་རོན་གྱི་ཆ་ཤས་དང་གློག་ཆས་སོགས། དམག་དོན་ཡོ་ཆས་མང་པོ་བཟོ་བཞིན་པ་བཤད། ད་ལྟ་དགུན་དུས་ཀྱི་རྐྱེན་པས་ཡིན་ནམ། ཡང་ན་རྒྱུ་མཚན་གཞན་ཞིག་གི་རྐྱེན་པས་ཡིན་མི་གསལ་ནའང་། གཡུལ་སར་རཱ་དམག་གི་ཚུར་རྒོལ་ནུས་པ་ཤུགས་ཆུང་དུ་ཕྱིན་ཅིང་། ཉེ་དུས་ནས་གཡུལ་སའི་ས་ཁྲར་འགྱུར་བ་ཆེན་པོ་འགྲོ་རྒྱུ་མེད་པར་གྱུར།

•. བྷི་ལུམ་བྷར་གྷི་སྟེང་གནས་ཚུལ་བཀོད་པ་ལྟར་ན། ཕྱི་ལོ་ 2021 ཟླ་ 10 ནང་ནས་ཨེ་རན་གྱིས་རཱ་ཤི་ཡར། བྷ་ལི་སི་ཀྲི་ཁི་འཕུར་མདའ་སོགས་ཨ་སྒོར་ཐེར་འབུམ་ $2.7 གྱི་རིན་ཐང་བཙོང་ཟིན་པ་བཤད། ད་དུང་ཨེ་རན་གྱིས་རཱ་ཤི་ཡར་སྒྲི་རོན་བཙོང་བ་དང་། སྒྲི་རོན་གྱི་ལག་རྩལ་བསླབས་པ་སོགས། ཁྱོན་རཱ་ཤི་ཡས་ཨེ་རན་ནས་དམག་དོན་ཡོ་ཆས་དང་ཤེས་བྱ།
ཨ་སྒོར་ཐེར་འབུམ་ $4 ལས་མང་བའི་རིན་ཐང་ཉོས་ཟིན་པའི་གནས་ཚུལ་བཀོད།

•. ཉེ་དུས་ནས་ཨ་རིའི་དམག་དཔུང་གིས། ཞི་བདེ་རྒྱ་མཚོ་དང་ཁཱ་རེ་བྷེ་ཡན་མཚོ་རྒྱུད། ཨ་ཀྲི་ལན་ཀྲི་ཁི་རྒྱ་མཚོའི་ནང་དུ། ཝེ་ནེ་ཛོ་ལ་དང་འབྲེལ་བ་ཡོད་པ། རྒྱལ་སྤྱིའི་ཁྲོམ་རར་རྡོ་སྣུམ་ལྐོག་འདྲེན་བྱེད་མཁན་གྱི་གྲུ་གཟིངས་དག་འཛིན་བཞིན་པ་ལྟར། དབྱིན་ཇིའི་དམག་དཔུང་གིས་ཀྱང་རྒྱ་ནག་དང་རཱ་ཤི་ཡ། ཨེ་རན། ཝེ་ནེ་ཛོ་ལ་བཅས་ཀྱིས་བེད་སྤྱོད་བྱེད་བཞིན་པའི་གྲིབ་གཟུགས་གྲུ་གཟིངས་དག་འཛིན་རྒྱུར་ཁྲིམས་ཐོག་ཏུ་གཞི་རྩ་ཡོད་པས། དེའི་སྐོར་ལ་བསམ་བློ་གཏོང་བཞིན་པའི་གནས་ཚུལ་ཐོན།

•. དམག་འཁྲུག་འགོ་བཙུགས་པ་ནས། རཱ་ཡུ་ཕྱོགས་གཉིས་ཀས་ཕྱི་རྒྱལ་གྱི་གླས་དམག་སྡུད་བཞིན་པ་ལྟར། དབྱིན་ཇིའི་སྦི་སྦི་སི་གསར་ཁང་གིས་ཞིབ་འཇུག་བརྙན་ཞིག་ཕྱིར་བཏོན་པ་ལྟར་ན། རཱ་ཤི་ཡས་སེ་རི་ཡ་སོགས་དཀྱིལ་ཤར་དང་། བལ་ཡུལ་སོགས་ཨེ་ཤ་ཡ། ཨ་ཧྥེ་རི་ཀ་སོགས་དཔལ་འབྱོར་སྐྱོ་བའི་རྒྱལ་ཁབ་དག་ནས། གླས་དམག་ཁྲི་ 2 བསྡུས་ཟིན་པ་དང་། ཕྱི་རྒྱལ་གྱི་དམག་མི་སྡུད་མཁན་གྱི་ཁྲོད། སྔར་དགེ་རྒན་ཞིག་ཡིན་པའི་རཱ་ཤི་ཡའི་བུད་མེད་ལོ་ན་ 40 ཅན། མིང་ལ་པོ་ལི་ན་ཞེས་པ་ཞིག་ཡོད་པ་ཤེས། བུད་མེད་འདི་གཅིག་བུས་སྐྱེས་པ་ 500 ལ་འབྲེལ་གཏུག་བྱས་ཟིན་པ་གསལ།

•. སྔར་བུད་མེད་འདིས་ངོ་དེབ་བརྒྱུད་གཞན་ལ་འབྲེལ་བ་བྱེད་བཞིན་པ་དང་། ད་ལྟ་ཏར་འཕྲིན་བརྒྱུད་གླས་དམག་སྡུད་བཞིན་པ་བཤད་ཅིང་།མོ་ལ་དམག་མི་ཞིག་བསྡུས་པའི་གླ་ཆར་ཨ་སྒོར་ $300 རག་བཞིན་པ་མ་ཟད། མོས་གླས་དམག་དག་ལ་གལ་སྲིད་ང་ལ་ཨ་སྒོར་ $3,000 སྤྲད་ཚེ། ཁྱོད་རང་གཡུལ་སའི་མདུན་ངོས་སུ་གཏོང་དུ་མི་འཇུག་པར། སྐྱེལ་འདྲེན་སོགས་ཀྱི་ལས་ཀ་བྱེད་ཆོག་པ་བཟོ་རྒྱུ་ཡིན་ཞེས་ཤོད་བཞིན་པ་དང་། དོན་དངོས་སུ་ཉིན་འགའ་ལ་སྦྱོང་བརྡར་སྤྲད་རྗེས་འཐབ་འཁྲུག་དངོས་ཀྱི་ནང་གཏོང་བཞིན་པ་བཤད།

•. གླས་དམག་ཟུར་བ་ཞིག་གིས། མོ་ལ་མཚོན་ན་ང་ཚོ་ནི་གྲངས་ཀ་ཙམ་དང་དངུལ་སྒོར་ཙམ་ཞིག་ལས། མི་ཞིག་ཏུ་མཐོང་བཞིན་མེད་ལ་མོས་ང་ཚོར་ཅི་ཞིག་བྱས་པ་ནམ་ཡང་མི་བརྗེད་ཟེར། སེ་རི་ཡ་ནས་ཡིན་པའི་རཱ་ཤི་ཡའི་གླས་དམག་ཟུར་བ་ལྐོག་མདའ་འཕེན་མཁན་ཞིག་གིས། བུད་མེད་འདིས་མོ་རང་གིས་བསྡུས་པའི་མི་དག་གཡུལ་སར་བཏང་རྗེས། འཆི་རྒྱུ་གཏན་འཁེལ་ཡིན་པ་གསལ་བོར་ཤེས་ཡོད་ཅེས་བཤད། རཱ་ཤི་ཡས། ཕྱི་རྒྱལ་གྱི་སྐྱེས་པ་གང་ཞིག་ཁོ་ཚོའི་གླས་དམག་ནང་ཞུགས་ཚེ། མིང་ཐོ་བཀོད་པ་ཙམ་གྱིས་ཨ་སྒོར་ $3,000 སྤྲད་རྒྱུ་བསྒྲགས།

•. དེའི་རྗེས་སུ་ཟླ་རེར་གླ་ཆ་ཨ་སྒོར་ $2,000 ཡས་མས་སྤྲོད་བཞིན་པ་དང་། དེའི་སྟེང་རཱ་ཤི་ཡའི་མི་སེར་ཐོབ་ཐང་སྤྲོད་རྒྱུར་ཁས་ལེན་བྱེད་བཞིན་པས། ཡོང་སྒོ་ཆུང་བའི་རྒྱལ་ཁབ་དག་ནས་གླས་དམག་ཏུ་ཞུགས་བཞིན་པ་གསལ། ཡིན་ན་ཡང་། འདི་དག་ལ་སྦྱོང་བརྡར་ཚད་ལྡན་མེད་པའི་སྟེང་། དམག་མི་དངོས་ལྟར་རྩིས་ཐང་མེད་པས་དུས་ཐུང་ནང་ཤི་རྨས་དང་། ཡང་ན་ཡུ་དམག་གིས་གསོན་བཟུང་བྱེད་བཞིན་པ་གསལ།ནུབ་ཆིངས་ལྟར་ན་དམག་འཁྲུག་འགོ་བཙུགས་པ་ནས། རཱ་དམག་ས་ཡ་ 1 ལས་མང་བ་ཤི་རྨས་བཟོས་ཟིན་པ་དང་། ལོ་སྔོན་མའི་ཕྱི་ཟླ་ 12 ནང་གཅིག་བུར་དམག་མི་ 25,000 བསད་ཟིན་པ་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག