Homeརྒྱལ་སྤྱི།བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

Date:

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཨ་རིའི་ཕྱི་ཚེས་ 3 དང་རྒྱ་གར་གྱི་མདང་དགོང་། ཕྱི་ལོ་ 2026 ལོའི་ཨ་རིའི་གཞུང་གི་ལོ་འཁོར་སྔོན་རྩིས་འགྲོ་གྲོན་ལ་གྲོས་ཚོགས་ཀྱིས་ཡོངས་སུ་ཆོག་མཆན་སྤྲད་ཅིང་། སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས་མིང་རྟགས་ཀྱང་བཀོད་ཟིན་པས། ད་ལྟ་འདི་ཉིད་ཁྲིམས་སུ་བཅས་ཟིན་པ་ཡིན། དེ་ལྟར་ན་བདུན་ཕྲག་སྔོན་མ་ནས་ཨ་རིའི་གཞུང་སྒོ་ཕྱེ་ཀ་བརྒྱབས་ཟིན་པ་དེ་མཇུག་བསྡུས།

ཐེངས་འདིར་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད། དེ་དག་བྱེ་བྲག་ཏུ་དབྱེས་ན། བོད་ཀྱི་རིག་གཞུང་དང་སྤྱི་ཚོགས་ཡར་རྒྱས། ཤེས་ཡོན། ཁོར་ཡུག་སྲུང་སོགས་ཀྱི་ཆེད་ལས་ཀ་བྱེད་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོར་ཨ་སྒོར་ས་ཡ་ $10 གཏོང་ཆོག་རྒྱུ། (འདིའི་ཁྲོད་བོད་ནང་དུ་སྤྲོད་རྒྱུའི་རོགས་དངུལ་ཡང་ཚུད།)

༡ བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད། བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་དང་ཡར་རྒྱས། རིག་གཞུང་བྱ་འགུལ། ༢ བཙན་བྱོལ་བོད་མིའི་སྤྱི་ཚོགས་བརྟན་འཇགས་དང་ཡར་རྒྱས། ༣ དབུས་བོད་མིའི་སྒྲིག་འཛུགས། བོད་མིའི་དབུ་ཁྲིད་གསར་བ་སྐྱེད་སྲིང་བཅས་ཀྱི་ཆེད་ཨ་སྒོར་ས་ཡ་ $8 གཏོང་ཆོག་རྒྱུ།

{དབུས་བོད་མིའི་སྒྲིག་འཛུགས་}ཀྱི་ནུས་པ་ཆེ་རུ་གཏོང་ཆེད་ཨ་སྒོར་ས་ཡ་ $5 གཏོང་ཆོག་རྒྱུ་དང་། དངུལ་སྒོར་འདི་ནས་ཨ་སྒོར་ས་ཡ་ $1,5 རྒྱལ་བལ་དུ་ཡོད་པའི་བཙན་བྱོལ་བོད་མིའི་དཔལ་འབྱོར་ཡར་རྒྱས་དང་། བཙན་བྱོལ་བོད་པའི་ཁྱིམ་ཚང་དག་གི་རྩ་བའི་དགོས་མཁོ་དག་གི་ཆེད་གཏོང་ཆོག་རྒྱུ། (འདིའི་ཁྲོད་བོད་མི་ཚོས་རང་ཁ་རང་གསོ་ཐུབ་ཆེད། ལག་རྩལ་སྦྱོང་བརྡར་སྤྲད་རྒྱུ་སོགས་ཚུད་ཡོད་པ་གསལ།)

སྒྲོ་ནལ་ཁྲི་རམ་ཕུ་སྲིད་སྟེགས་སུ་སླེབས་རྗེས། ཨ་རིའི་ཕྱི་རྒྱལ་རོགས་སྐྱོར་(USAID)གྱི་དབུས་ལས་ཁུངས་སྒོ་བརྒྱབས་ཤིང་། ལས་ཀ་མང་པོ་ཞིག་རྒྱལ་སྲིད་ལྷན་ཁང་གི་ཁོངས་སུ་ཟླ་བསྒྲིལ་བ་སོགས། འཛམ་གླིང་གང་སར་འཕྲོད་བསྟེན་དང་རང་བྱུང་གནོད་འཚེ། དབུལ་ཕུང་སོགས་ཀྱི་ཆེད་ཨ་རིས་སྤྲོད་བཞིན་པའི་རོགས་སྐྱོར་ལ་ཚད་བཀག་ཆེན་པོ་ཐེབས། ཡིན་ན་ཡང་། བོད་ཕྱི་ནང་གི་བོད་མིར་མུ་མཐུད་དུ་རོགས་སྐྱོར་སྤྲད་རྒྱུ་ཐག་བཅད་པ་འདིས། ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་ཁྲོད་བོད་དང་བོད་མིའི་འཐབ་རྩོད་ལ། སྔར་བཞིན་རྒྱབ་སྐྱོར་ཆེན་པོ་ཡོད་པ་སླར་ཡང་གསལ་བོར་བསྟན།

དེ་བཞིན་ཐེངས་འདིའི་ལོ་འཁོར་སྔོན་རྩིས་ཀྱི་ཁྲོད། ཨ་རིའི་རྒྱལ་སྤྱིའི་གསར་འགྱུར་(USAGM)ལ་འགྲོ་གྲོན་གཏོང་ཆོག་རྒྱུའང་ཚུད། ཐེངས་འདིར་ཨ་རིའི་རྒྱལ་སྤྱིའི་གསར་ཁང་ཆེད། ཁྱོན་ཨ་སྒོར་ས་ཡ་ $653 ཟུར་འཇོག་དང་། བྱེ་བྲག་ཏུ་སྐད་རིགས་འདྲ་མིན་ཡོད་པའི་ཨ་རིའི་རླུང་འཕྲིན་ཁང་གི་ཆེད་ཨ་སྒོར་ས་ཡ་ $199.5 དང་། སྐད་རིགས་འདྲ་མིན་ཡོད་པའི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ཆེད་ཨ་སྒོར་ས་ཡ་ $53.5 ཟུར་འཇོག་བྱ་རྒྱུ་བཅས་ཚུད་དགོས། (གསར་ཁང་དག་གི་དངུལ་སྒོར་གྱི་གྲངས་ཀ་འདི། སྔོན་རྩིས་ཚོགས་ཆུང་གི་ཆོག་མཆན་སྤྲད་ཟིན་པ་དེར་གཞིར་བཞག་ཡིན་པ་ལགས།)

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།