༢༠༢༦/༧/༨ གཟའ་ལྷག་པ།
➖➖➖➖➖➖➖
ཁ་སང་ཨེ་རན་གྱིས། ཧོར་མུ་ཛི་མཚོ་འགག་དང་དེའི་ཐག་ཉེར། གྲུ་གཟིངས་ 2 (ད་ལྟ་གནས་ཚུལ་ཐོན་པ་ལྟར་ན། གྲུ་གཟིངས་ 3 ཡང་ཟེར།)སྟེང་གཏོར་རྒོལ་བྱས་ཟིན་པ། ཨ་རིའི་ལས་བྱེད་ཚོས་བཤད་ཅིང་། དེའི་ལན་དུ་མདང་དགོང་ཨ་རིའི་དམག་དཔུང་གིས། ཨེ་རན་ལྷོ་ཕྱོགས་བྷན་རྡར་ཨ་བྷ་སི་སོགས་སུ་ཡོད་པ། ཨེ་རན་གྱི་དམག་དོན་བསྟི་གནས་དང་། གོ་ལག་སོགས་དམིགས་འབེན་གྲངས་ 80 ཡི་སྟེང་གཏོར་རྒོལ་བྱས་ཟིན་པ་བསྒྲགས།
ཨེ་རན་གྲོས་ཚོགས་ཀྱི་ཚོགས་གཙོས། ཨ་རིས་གྲོས་མཐུན་དང་འགལ་བའི་སྦྱོར་བ་བརྩམས་ཟིན་པ་དང་། ཧོར་མུ་ཛི་མཚོ་འགག་དེ་ཨེ་རན་གྱི་འཛིན་སྐྱོང་འོག་ཡོད་པའི་དོན་དངོས་ལ་འགྱུར་བ་མེད་པ་ཨ་རིས་ཁས་ལེན་དགོས་པ་བསྒྲགས། དེ་བཞིན་ཨ་རིའི་གཏོར་རྒོལ་གྱི་ལན་དུ་ཨེ་རན་གྱིས་དེ་རིང་། བྷ་ཧ་རན་གྱི་སལ་མན་གྲུ་ཁ་(Salman Port)དང་། བྷ་ཧ་རན་དུ་ཡོད་པའི་ཨ་རིའི་མཚོ་དམག་གི་དབུས་ལས་ཁུངས། ཁུ་ཝ་ཏི་རུ་ཡོད་པའི་དམག་གི་གནམ་ཐང་(Ali Al-Salem Air Base)
བཅས། དམིགས་འབེན་ 85 ཡི་སྟེང་གཏོར་རྒོལ་བྱས་ཟིན་པ་བསྒྲགས།
དེ་རིང་ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ང་ལ་མཚོན་ན་ཨེ་རན་དང་ལྷན་བཞག་པའི་མེ་མཚམས་གྲོས་མཐུན་དེ་འཐོར་ཟིན་པ་རེད། ཁོ་ཚོ་མཉམ་དུ་སྐད་ཆ་བཤད་འདོད་ཀྱང་མི་འདུག ཁོ་ཚོ་ཧ་ཅང་མི་ངན་དང་སྨྱོན་པ་རེད་ཅེས་བཤད། ད་དུང་ཁོས། གྲོས་མོལ་བསྐྱར་གསོ་བྱས་ཀྱང་མ་བྱས་ཀྱང་། ངས་དེར་ཁ་ཡ་བྱ་རྒྱུ་མིན། ཁོ་ཚོ་ནི་རྫུན་ཤོད་མཁན་དང་མགོ་སྐོར་གཏོང་མཁན་སྐོར་ཞིག་རེད། དྲང་མོ་བཤད་ན་ངས་ཁོ་ཚོ་དང་ལྷན་ཆུ་ཚོད་འཕྲོ་བརླག་ཏུ་གཏོང་འདོད་མི་འདུག་ཅེས་བཤད།
སྐད་ཆ་འདི་བཤད་པ་དང་རྒྱལ་སྤྱིའི་ཁྲོམ་རར། སླར་ཡང་རྡོ་སྣུམ་གྱི་རིན་གོང་བརྒྱ་ཆ་ 5% ཡར་འཕར་ཅིང་། ཧོར་མུ་ཛི་མཚོ་འགག་ཏུ་གྲུ་གཟིངས་དག་འགྲོ་མི་རུང་བ་རྒྱལ་ཚོགས་ཀྱིས་ཉེན་བརྡ་བཏང། ད་ལྟ་རང་ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས་ཡང་བསྐྱར། མདང་དགོང་ང་ཚོས་ཁོ་ཚོའི་སྟེང་གཏོར་རྒོལ་ཤུགས་ཆེན་བྱས་ཟིན། ངས་ཁོ་ཚོར་ཉེན་བརྡ་ཆུང་ངུ་ཞིག་བཏང་ཡོད། དོ་ནུབ་ཀྱང་ང་ཚོས་ཁོ་ཚོའི་སྟེང་གཏོར་རྒོལ་ཤུགས་ཆེན་བྱ་རྒྱུ་ཡིན་ཞེས་བཤད།
ཟླ་བ་སྔོན་མའི་ཚེས་ 17 ཉིན་ཨ་རི་དང་ཨེ་རན་བར་ཉིན་ 60 རིང་མེ་མཚམས་འཇོག་རྒྱུ་དང་། དེའི་རིང་མཐའ་མའི་དམག་མཚམས་འཇོག་རྒྱུའི་ཆ་རྐྱེན་དག་གི་ཐད་གྲོས་མོལ་བྱ་རྒྱུ་བྱས། སླར་ཡང་མེ་མཚམས་འདི་འཐོར་ལ་ཉེ་བའི་མཚམས་སུ་བསྐྱལ།
