ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་ལོ་སྔོན་མའི་ཕྱི་ཟླ་ 1 ནང་སྲིད་སྟེགས་སུ་བསྐྱར་དུ་སླེབས་པ་དང་། འོས་བསྡུའི་སྐབས་ཀྱི་ཁས་ལེན་ལྟར། ཁོས་དེ་མ་ཐག་འགོ་བཙུགས་པའི་ལས་ཀ་གཙོ་བོ་ཞིག་ནི། ལྷོ་ཕྱོགས་ཀྱི་རྒྱལ་མཚམས་བརྟན་སྲུང་དང་། རྒྱལ་ནང་དུ་ཡིག་ཆ་མེད་པ་དང་། ཡོད་ཀྱང་ཚད་ལྡན་མེད་པའི་ངང་བསྡད་ཡོད་པ་དག་ཕྱིར་ཕུད་རྒྱུ་དེ་གྱུར་ཟིན་པ་ལྟར། ད་ལྟ་བར་ཕྱི་ནས་ཡོང་བའི་མི་མང་པོ་བཟུང་ཞིང་། ཐོག་མར་བཀག་མཉར་དང་རིམ་གྱིས་རང་རང་གི་རྒྱལ་ཁབ་ལ་ཕྱིར་བསྐྱལ།
ལས་འགུལ་འདིའི་ཁྲོད་དུ་སྤྱིར་བཏང་གི་ལས་ཀའི་གོ་སྐབས་ཀྱི་ཆེད། ཨ་རིའི་རྒྱལ་ནང་དུ་ཡོང་བའི་ཕྱི་མི་རྐྱང་བ་ཙམ་ཞིག་མ་ཡིན་པར། སློབ་སྦྱོང་གི་ཆེད་ཨ་རིར་ཡོང་བ་དག་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་ཤིང་། དེ་དང་འབྲེལ་ཨ་རིའི་མཐོ་སློབ་ཆེ་ཤོས་དག་དང་། སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་བར་གདོང་ཐུག་བྱུང་ཞིང་། སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས་མཐོ་སློབ་དེ་དག་ལ་རོགས་སྐྱོར་ཉུང་འཕྲི་དང་། བཀག་པ་སོགས་བརྒྱུད་ནས་གནོན་ཤུགས་ཆེན་པོ་སྤྲད་མཐར། ལག་ལེན་གྱི་ཆ་ནས་མཐོ་སློབ་འདི་དག་གིས་དབུས་གཞུང་ལ་བསྟུན་དགོས་གྱུར།
ལྷག་པར་ཕྱི་རྒྱལ་གྱི་སློབ་ཕྲུག་གི་ཐོངས་མཆན་ལ་དམ་དྲག་བྱ་རྒྱུ་ཡིན་པའི་གནས་ཚུལ་ལོ་སྔོན་མ་ནས་ཐོན་ཟིན་པ་ལྟར། ཁ་སང་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས་ཁྲིམས་གསར་བ་འདིའི་ནང་དོན་གཙོ་བོ་དག་ཕྱིར་བཏོན་པའི་ནང་། ཨ་རིའི་རྒྱལ་ནང་དུ་སློབ་སྦྱོང་ཆེད་ཡོང་བའི་སློབ་ཕྲུག་ཅིག་ཡིན་ན། ཐོངས་མཆན་(F-1)གྱི་དུས་ཡུན་ལོ་ 4 རྫོགས་རྗེས་ཡང་བསྐྱར་འདུག་ཆོག་མིན་ཐད། དབུས་གཞུང་ལ་ཐད་ཀར་ཆོག་མཆན་ཞུ་དགོས་པ་དང་། གཞན་སློབ་དུས་རྫོགས་པ་དང་ཉིན་ 30 ཡི་ནང་ཨ་རི་ནས་ཕྱི་ལ་ཐོན་དགོས་པ་བྲིས།
ཁྲིམས་གསར་བ་འདིས་སློབ་ཕྲུག་གི་སློབ་སྦྱོང་དུས་ཡུན་ལ་ཤུགས་རྐྱེན་ཐེབས་པ་གཅིག་བུ་ཙམ་མ་ཡིན་པར། སློབ་ཚན་དང་མཐོ་སློབ་བརྗེ་སྒྱུར་བྱ་རྒྱུར་ཡང་ཚོད་འཛིན་ཐེབས་རྒྱུ་ཡིན་པ་གསལ། སྔར་གྱི་ཁྲིམས་ལྟར་ན། དཔེར་ན་ཕྱི་རྒྱལ་སློབ་ཕྲུག་ཅིག་གིས་ཨ་རིའི་མཐོ་སློབ་ཅིག་ཏུ་འབུམ་རམས་པའི་སློབ་སྦྱོང་བྱེད་བཞིན་པ་ལ། རྒྱུ་མཚན་གང་རུང་གི་རྐྱེན་པས། ཁོའི་སློབ་སྦྱོང་དེ་ལོ་ངོ་ 4 ཡི་ནང་དུ་མ་རྫོགས་ཚེ། སློབ་གྲྭའི་ངོས་ནས་སློབ་ཕྲུག་དེར། ཞིབ་འཇུག་གིས་རྒྱུ་མཚན་ཚད་ལྡན་པ་ངོ་འཕྲོད་ཚེ། མུ་མཐུད་དུ་འདུག་ཆོག་པའི་ཡི་གེ་(I-20)སྤྲོད་ཆོག་པ་ཡིན།
ཆོག་མཆན་འདིས་(I-20)སློབ་ཕྲུག་གང་དེའི་ཁྲིམས་མཐུན་སློབ་ཕྲུག་ཡིན་པའི་གོ་བབ་དེ་མུ་མཐུད་དུ་སྲུང་ཐུབ་ཡོད། ཁེ་དབང་དེའི་(D/S)
འོག་ནས་སློབ་ཕྲུག་དེའི་ཐོངས་མཆན་དུས་ཡུན་རྫོགས་ཟིན་ནའང་།སློབ་སྦྱོང་གི་མིང་ཐོག་ནས་ཨ་རིའི་རྒྱལ་ནང་དུ་མུ་མཐུད་དུ་འདུག་ཆོག་པ་ཡིན་ལ། ལམ་ལུགས་འདི་ཞིབ་འཇུག་སློབ་མ་དང་སློབ་ཚན་བརྗེ་མཁན།མཐོ་སློབ་བརྗེ་མཁན་ཚང་མར་གཅིག་མཚུངས་སུ་ཁྱབ། དེར་བརྟེན་ཨ་རིའི་རྒྱལ་ནང་དུ་འཛུལ་རྗེས། སློབ་སྦྱོང་དང་ཞིབ་འཇུག་གི་མིང་ཐོག་ནས་ལོ་ངོ་མང་པོར་འདུག་ཆོག་པ་དེ་བྱུང་།
ཡིན་ན་ཡང་། ཐེངས་འདིའི་ཁྲིམས་གསར་བ་ལྟར་ན་ཐོག་མར་སྤྲད་པའི་ཐོངས་མཆན་གྱི་དུས་ཡུན་རྫོགས་རྗེས། སློབ་གྲྭའི་རྒྱབ་གཉེར་ཡིག་ཆ་(I-20)ཡིས་མི་འགྲིག་པར། དབུས་གཞུང་གི་ཆོག་མཆན་དགོས་པ་བཟོ་རྒྱུ་ཡིན་པ་དེ་རེད། འདིས་ཞིབ་འཇུག་སློབ་མ་དང་འབུམ་རམས་པ། སློབ་ཚན་བརྗེ་མཁན་སོགས་དུས་ཡུན་རིང་བ་དགོས་མཁན་ཚོ་དང་། ན་ཚའི་རྐྱེན་པས་སློབ་ཡུན་དུས་ལྟར་མཇུག་བསྡུ་མི་ཐུབ་མཁན་དག་ལ་ཤུགས་རྐྱེན་ཐད་ཀར་ཐེབས་རྒྱུ། དེ་བཞིན་སྔར་གྱི་ཁྲིམས་ལྟར་ན་སློབ་དུས་རྫོགས་ཀྱང་། ཨ་རིའི་རྒྱལ་ནང་དུ་ཟླ་བ་ 6 འདུག་ཆོག་ཀྱང་ད་ལྟ་ཟླ་བ་ 3 ལས་འདུག་མི་ཆོག་པ་བཟོ་རྒྱུ་ཡིན་པ་གསལ།
དེ་བཞིན་ཁྲིམས་གསར་བ་འདིས་སློབ་གཉེར་བ་གཅིག་བུ་ཙམ་མ་ཡིན་པར། ལས་གཞི་དང་རིག་གཞུང་བརྗེ་ལེན་སོགས་ཀྱི་ཆེད་ཨ་རིར་ཡོང་མཁན་ཚོའི་ཐོངས་མཆན་(J-1)དག་ལ་ཤུགས་རྐྱེན་གཅིག་མཚུངས་ཐེབས་རྒྱུ་དང་། གཞན་ཡང་སྔར་ཕྱི་རྒྱལ་གྱི་གསར་ཁང་དག་གི་གསར་འགོད་པ་དང་གློག་བརྙན་བཟོ་མཁན། རྩོམ་སྒྲིག་པ་སོགས་ཨ་རིའི་རྒྱལ་ནང་དུ་འདུག་ཆོག་པའི་དུས་ཡུན་ལོ་ནས་ལོ་བར་ཕར་བསྒྱང་ཆོག་ཀྱང་། ད་ལྟ་ཉིན་ 240 ལས་འདུག་མི་ཆོག་པ་དང་དེའི་མཚམས་སུ། ཡང་བསྐྱར་ཐོངས་མཆན་ཕར་འགྱངས་བྱ་དགོས་པ་གསལ།
ལྷག་པར་རྒྱ་ནག་གི་མི་སེར་ཞིག་ཡིན་ན་ཉིན་ 90 ཡི་དུས་ཡུན་རྫོགས་རྗེས། ཐོངས་མཆན་བསྐྱར་དུ་ཕར་བསྒྱང་དགོས་པ་གསལ། དེར་བརྟེར་ལོ་སྔོན་མར་འདིའི་སྐོར་གནས་ཚུལ་ཐོན་པ་དང་། ལོ་སྔོན་མའི་ཕྱི་ཟླ་ 8 ནང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས། ཁྲིམས་འཆར་འདི་ནི་རྒྱ་ནག་གི་གསར་འགོད་པ་ཚོར་དབྱེ་འབྱེད་བྱས་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱས། སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་ལྟར་ན། ཕྱི་མི་ཚོས་སློབ་ཕྲུག་གི་ཐོངས་མཆན་དང་།རིག་གཞུང་བརྗེ་ལེན་གྱི་ཐོངས་མཆན་བེད་སྤྱོད་ཀྱིས། ཨ་རིའི་གནས་སྤོ་ཁྲིམས་དེ་ལོག་སྤྱོད་བྱེད་བཞིན་པ་ཤོད་ཀྱི་ཡོད།
ད་ལྟའི་བྱ་རིམ་ལྟར་ན་ཁྲིམས་གསར་བ་འདི། ད་ལོའི་ཕྱི་ཟླ་ 9 ཚེས་ 15 ནས་ལག་བསྟར་བྱ་རྒྱུ་ཡིན་པ་གསལ། ཡིན་ན་ཡང་། ཁྲིམས་ཀྱི་ནང་དོན་ཞིབ་ཕྲ་དག་རེ་ཞིག་མི་གསལ་བས། ད་ལྟ་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་དག་ལ་ཤུགས་རྐྱེན་ཐེབས་མིན་དང་། ཐེབས་ན་ཇི་ལྟར་ཐེབས་རྒྱུ། ཡང་ན་ཁྲིམས་འདི་ལག་བསྟར་འགོ་བཙུགས་རྗེས་སུ། གསར་དུ་ཞུ་རྒྱུའི་ཐོངས་མཆན་དག་གཅིག་བུར་ཁྱབ་རྒྱུ་ཡིན་པ་སོགས་ཞིབ་ཕྲ་རྗེས་སུ་ཤེས་རྒྱུ། ཕྱི་ལོ་ 2024 ལོར་ཨ་རིས་རྒྱལ་ནང་དུ་ཡོང་མཁན། སློབ་ཕྲུག་ས་ཡ་ 1.8 ལས་མང་བར་ཐོངས་མཆན་སྤྲད་ཟིན་པ་བཤད་ཅིང་། དྲི་བ་འདི་དག་གི་མདུན་ངོས་སུ་སློབ་ཕྲུག་འདི་དག་ལྷུང་།
See less
